སྟོན་ཟླ་སྒྲ་གཅན་གྱིས་བཟུང་།

སྟོན་ཀའི་ཟླ་བ་རབ་ཏུ་གང་བ་དེ་སྒྲ་གཅིན་གྱིས་བཟུང་།

Posted in Uncategorized | མཆན་འདེབས།

ཐོབ་པ་ལས་ཤོར་བ་མང་བའི་ཚོར་སྣང་བྱུང༌།

༡ ཐོག་མར་སྐུ་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། ངའི་མིང་ལ་བསྟན་པ་དར་རྒྱས་ཟེར་ཞིང༌། བོད་ཤར་ཕྱོགས་མདོ་སྨད་རེབ་གོང་ཞོ་འོང་དཔྱིས་ཟེར་བའི་གྲོང་སྡེ་ཞིག་ནས་སྐྱེས། ཆུང་དུས་ས་གནས་སློབ་ཆུང་དང་འབའ་ཤང་ཁྲི་ལྔ་རིགས་ནང་བསྟན་སློབ་གྲྭ་སོགས་གསར་རྙིང་གི་ཆོས་སྡེ་རེ་འགར་ཐུན་མོང་རིག་གནས་ཁག་གཞིར་བྱས། ནང་བསྟན་མདོ་སྔགས་གཉིས་ལ་རང་བློས་དཔག་ཚོད་ཀྱིས་བག་ཆགས་ཅུང་ཙམ་འཇོག་རྒྱུའི་སྐལ་བ་ཐོབ། ཕྱི་ལོ་ ༢༠༠༠ ལོའི་ལོ་མགོར་རྒྱ་གར་ལ་བཙན་བྱོལ་དུ་་སླེབས་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ནོར་ལྡེ་རྩོམ་སྒྲིག་པ་དང༌། ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་དུ་ལོ་རེ་འགར་ཞབས་ཞུ་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ། ཕྱི་ལོ་ ༢༠༠༥ ལོར་ཨོ་སི་ཀྲི་ལེ་ཡར་གཞིས་སྡོད་དུ་སླེབས་ཏེ་ས་གནས་བོད་རིགས་མཐུན་ཚོགས་སྐབས་དགུ་པའི་རྒྱུན་ལས་དང༌། ས་གནས་འོས་བསྡུ་ཚོགས་ཆུང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༠༦ ལོར་ས་གནས་ཤེས་ལྡན་མི་སྣ་རེ་འགའ་དང་ལྷན་དུ་ཨོ་སི་ཀྲི་ལེ་ཡའི་བོད་མིའི་གསར་འཕྲིན་༼རྒྱང་འབོད༽དུས་དེབ་གསར་འཛུགས་ཀྱིས་འདོན་ཐེངས་བཅུ་གཅིག་བར་རྩོམ་སྒྲིག་འགན་འཛིན་གྱི་འཁུར་ཙམ་བདོག་ཁུལ་བྱས་པ་སོགས་ནི་ཕྲན་གྱི་ལོ་རྒྱུས་སྙིང་བསྡུས་ཙམ་ཡིན།

༢སྐུ་ཉིད་ནུབ་གླིང་ལ་ཕེབས་མ་ཐག་རྒྱུས་མངའ་མེད་པའི་སྤྱི་ཚོགས་དེར་ཚོར་སྣང་མི་འདྲ་བ་གང་བྱུང་སོང་ངམ། ཡང་ན། གདོང་ལེན་དཀའ་བའི་དཀའ་ངལ་སོགས་འཕྲད་སོང་ངམ།

ལན། ཐོག་མར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་འདིའི་ནང་དངོས་སུ་སླེབས་དུས། ཕྱི་ནང་གི་ཁོར་ཡུག་ཚང་མ་གཙང་སྦྲ་དོད་པོ། མི་མཐོ་དམན་སུས་ཀྱང་ཕན་ཚུན་ལ་ཐོབ་ཐང་འདྲ་མཉམ་དང་བརྩི་འཇོག་བྱེད་ལུགས། སྒེར་གཞུང་ཚོགས་པ་གང་གི་ལས་ཁུངས་སུ་ལས་དོན་ཅི་ཞིག་བྱེད་དགོས་བྱུང་ཡང༌། ཏན་ཏན་ཏིག་ཏིག་གིས་བྱེད་པ་མ་ཟད། ཕན་ཚུན་གང་གི་སྐར་ཆ་ལྔ་ཙམ་ཡང་འཕྲོ་བརླགས་སུ་མི་གཏོང་བ་སོགས་ཀྱི་ཁོར་ཡུག་དང་ལམ་ལུགས་སྲོལ་འདིས་ཡིད་དབང་འཕྲོགས་པ་ཞིག་བྱུང༌། གཞན་དབྱིན་ཇིའི་སྐད་ཡིག་ལ་བྱང་ཆ་ཏོག་ཙམ་མེད་པ་ཞིག་ཡིན་ན། འགྲོ་ལུགས་འགྲོ་སྟངས་དང་འཚོ་བའི་རྒྱུད་རིམ་གྱི་ཁྲོད་ལ་དཀའ་ངལ་ཏན་ཏན་འདུག ཡིན་ནའང༌། ཐོག་མར་ང་ཚོ་འབྱོར་དུས་སྡོད་ས་དང་འཚོ་རྟེན་གནས་སྡོད་བྱེད་པའི་རྒྱུད་རིམ་གྱི་ཡིག་ཆ་སོགས་གང་སྤྱིའི་ཐད་ལ་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་འགན་ལེན་དང་རོགས་སྐྱོར་གནང་བས་དཀའ་ངལ་ཅུང་ཟད་ཀྱང་འཕྲད་མ་སོང༌།

༣ ཁྱེད་ཀྱིས་དེ་སྔ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་མཛད་རྣམ་རྩོམ་སྒྲིག་སོགས་རྩོམ་སྒྲིག་གི་ཕྱག་ལས་གནང་བ་དང༌། དེ་གར་ངལ་རྩོལ་གྱི་ལས་ལ་ཞུགས་པ་གཉིས་ལ་ཚོར་སྣང་མི་འདྲ་བ་དང༌། རིན་ཐང་མི་འདྲ་བ། ཡང་ན། དགོས་མཁོ་དམིགས་བསལ་བ་ཅི་ཞིག་གི་བར་ཁྱད་མཐོང་གི་འདུག

ལན། མི་སུ་ཞིག་ཡིན་ནའང་འདོད་པ་ཆུང་ཞིང་ཆོག་ཤེས་པའི་གནད་འདི་ལག་ལེན་ལ་བསྟར་ཐུབ་མཁན་ཆེས་ཉུང་བས། ང་ཡང་དེའི་གྲས་ལས་མ་འདས། ཐོག་མར་ནོར་གླིང་དུ་རྒྱལ་བའི་མཛད་རྣམ་རྩོམ་སྒྲིག་གི་ལས་ཀ་བྱེད་དུས། རླབས་ཆེན་གྱི་ལས་ཀ་དེ་འདྲ་ཞིག་བྱེད་རྒྱུའི་སྐལ་བ་བྱུང་བར་ཡིད་རང་གིས་འདོད་པ་ཁེངས་ཤིང༌། ངའི་མི་ཚེ་འདིའི་སྐྱེས་པ་བླངས་པའི་དོན་སྒོར་བསམ་བཞིན་ཡོད།  ཡིན་ནའང༌། རང་དོན་ཤུགས་ཆེ་བས་ཡིན་ནམ། ཡང་ན། ཕྱི་རོལ་གྱི་ལྟ་ཚུལ་དབང་བཙན་པས་ཡིན་ནམ། གང་ལྟར་ཕུགས་ཀྱི་འདུན་མ་ཞིག་གི་ཆེད་དུ་གཞུང་འབྲེལ་གྱི་ངོས་ནས་ནུབ་གླིང་དུ་བསྐྱོད་པ་ཡིན། ནུབ་གླིང་སྤྱིའི་འགྲོ་སྟངས་བཞིན་ལོ་རེ་འགར་ཆུ་ཚོད་དམ་འཛིན་གྱིས་ངལ་རྩོལ་གྱི་ལས་ལ་ཞུགས་སྐབས་མི་ཚེ་རིན་ཐང་ལྡན་པའི་དོན་སྙིང་ནི་དངུལ་ཡོད་པ་ཙམ་གྱིས་འགྲིགས་པ་ཞིག་གཏན་ནས་མིན་པ་ད་གཟོད་གཞི་ནས་ངེས་ཤེས་ཐུབ་པའི་བསམ་བློ་འཁོར་གྱིན་འདུག གང་ལྟར། ཕྱི་གླིང་དུ་ཡོང་ནས་ཕ་མ་སྤུན་མཆེད་སོགས་ལ་དངུལ་གྱི་རོགས་སྐྱོར་ཅུང་ཙམ་ཐུབ་པ་དང༌། ཡུན་རིང་བྲལ་བའི་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་བའི་གོ་སྐབས་ཡོད་པ། སྔོན་མཐོན་རྒྱལ་ཁབ་ཅིག་གི་ཕྱི་ནང་གི་འཚོ་བར་འདྲིས་གཤིབ་གཏིང་ཟབ་ཅིག་བྱེད་པ་སོགས་ནི་ཕྱི་གླིང་དུ་འཁྱམས་པའི་ལག་འོང་ཙམ་རེད། ཡང་ཆུང་དུས་ནས་ཕ་མའི་རེ་བ་དང་དགེ་རྒན་རྣམས་པའི་ཕུགས་བསམ། རང་ཉིད་ཀྱིས་མི་ཚེ་ཕྱེད་ཀར་དཀའ་ལས་བརྒྱབ་པའི་ཐོབ་འབྲས་ཅུང་ཙམ་བསགས་ཐུབ་པ་རྣམས་སྐད་ཅིག་ཉིད་ལ་གཉིད་སད་པ་ལྟར་གཏེར་དུ་སྦས་དགོས་བྱུང་བ་ནི་ཕྱིར་འཁྱམས་པའི་འཐུས་ཤོར་རེད། མདོར་ན་བདག་གི་མི་ཚེའི་ཐོབ་ཤོར་ལ་ཚད་གཞལ་ན་ནུབ་གླིང་དུ་འོང་ནས་ཐོབ་པ་ལས་ཤོར་བ་མང་བའི་ཚོར་སྣང་བྱུང༌།

༤ ནུབ་གླིང་དུ་རྒྱུ་འབྱོར་གསོག་སྒྲུབ་བྱེད་ཐུབ་མིན་དང་བོད་ཀྱི་སྐད་དང་གོམས་གཤིས་བརླགས་པ། ད་དུང་གསར་སྐྱེས་བྱིས་པ་དག་གིས་བོད་སྐད་མ་བཤད་པར་དབྱིན་སྐད་ཤོད་པ་སོགས་ཀྱི་སྐོར་ལ་ཁ་ཚ་དགོས་གཏུགས་ཀྱི་བསླབ་བྱ་གང་ཞིག་དུས་ལ་བབ་འདུག

ལན། ཕྱི་གླིང་དུ་མ་སླེབས་པའི་མི་མང་པོ་ཞིག་གི་མཐོང་སྣང་ལ་ཕྱི་རྒྱལ་ལ་སླེབས་དུས་དངུལ་ནི་ཆར་བ་འབབ་པ་བཞིན་ལས་སླ་པོའི་ངང་གསོག་ཐུབ་པར་བསམ་གྱིན་ཡོད། དེ་ནི་ཕྱི་རྒྱལ་དུ་ལོ་རེ་འགར་བསྡད་པའི་མི་རྣམས་རྒྱ་གར་སོགས་ལ་གུང་གསེང་ཡོང་དུས། དེར་བསྡད་ཡུན་གྱི་ཆུ་ཚོད་ནང་དངུལ་ཡོང་ས་དང་འགྲོ་སའི་འཛའ་ལ་ཕབ་ནས་རྒྱས་སྤྲོས་རྒྱས་ལུགས་བྱུང་བའི་སྟབས་ཀྱིས་མི་གཞན་གྱི་སྐབས་ཐོག་གི་བསམ་བློ་ཙམ་རེད། དེ་མ་གཏོགས་ཕྱི་གླིང་དུ་བསྡད་ན་ཚུར་ཡོང་འབབ་དང་ཕར་འགྲོ་སོང་དོ་མཉམ་པ་ལྟ་བུ་ལས་གསོག་སྒྲུབ་ཤུགས་ཆེ་གཏན་ནས་བྱེད་མི་ཐུབ་པ་མ་ཟད། ཁ་ཤས་ཀྱིས་གུང་གསེང་དང་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་སྐབས་ཉིན་མཚན་ཁ་སྤྲད་ནས་ལས་ཀ་འཕར་མ་བྱེད་ཀྱི་ཡོད་པ་རེད། སྐད་ཡིག་དང་གོམས་གཤིས་ཆ་ནས་བཤད་ན་དངོས་ནས་བློ་ཕམ་དགོས་པ་རང་རེད། བུ་ཕྲུག་ཚོས་དབྱིན་སྐད་ཤེས་པ་ནི་སློབ་གྲྭ་དང་ཁོར་ཡུག་གི་སྟབས་ཀྱིས་ཀྱང་རེད་ལ། ཕ་མས་སྟངས་འཛིན་མ་བྱས་པ་ལའང་དངོས་ཡོད་ཀྱི་འབྲེལ་བ་འདུག་དེའི་ཕྱིར་བུ་ཕྲུག་སོ་སོས་བོད་སྐད་མ་བརྗེད་པ་བྱ་རྒྱུའི་ཕྱོགས་ལ་གཙོ་བོ་ཕ་མས་འགན་འཁྱེར་ཏེ་ནང་ལ་སླེབས་དུས། བོད་སྐད་བརྒྱབ་བཅུག་པ་དང༌། ཕ་མས་ཀྱང་བུ་ཕྲུག་ལ་བོད་སྐད་བརྒྱབ། དེ་ལ་དམིགས་བསལ་གྱིས་ཆུ་ཚོད་སྤྲད་དེ་ཕ་མས་བུ་ཕྲུག་དང་ལྷན་དུ་བོད་སྐད་བཤད་པའི་ཁོར་ཡུག་ཆུང་ཆུང་དེ་སྣང་ཆུང་མ་བྱས་པར་རྒྱུན་དུ་དམ་འཛིན་བྱ་དགོས། དེ་མིན་ཕ་མས་བུ་ཕྲུག་ཚོར་ཁོར་ཡུག་མ་བསྐྲུན་པ་ཡིན་ན། ཕྱི་ནང་གཉིས་ཀར་དབྱིན་སྐད་བཤད་པའི་ཁོར་ཡུག་ཆགས་པ་རེད། གཞན་བོད་རིགས་སྤྱི་མཐུན་གྱི་ངོས་ནས་ཀྱང་བུ་ཕྲུག་ཚོར་ཐབས་ལམ་འདྲ་མིན་གྱི་སྒོ་ནས་ཆེད་དུ་བོད་སྐད་བཤད་དུ་བཅུག་རྒྱུའི་ཁོར་ཡུག་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་གལ་ཆེན་ཞིག་རེད་སྙམ། གང་ཡིན་ཟེར་ན། མི་རིགས་ཤིག་འཆི་གསོན་གྱི་ས་མཚམས་ལྟ་བུ་ལ་སླེབས་འདུག་སྙམ་པའི་ཚོར་བ་བྱུང་གི་འདུག

༥ ཁྱེད་ཀྱིས་དེ་སྔ་རྒྱང་འབོད་གསར་འཕྲིནརྩོམ་སྒྲིག་གནང་སྐབས་ཀྱི་དཀའ་ངལ་དང་དགོས་དམིགས་སོགས་ཀྱི་སྐོར་ལ་བཙན་བྱོལ་བོད་མིའི་གསར་འཕྲིན་རྒྱུད་ལམ་ཁག་དང་མི་འདྲ་བའི་དགོས་དམིགས་གང་མཐོང་བྱུང༌།

ལན། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ཉིན་ང་ཚོ་བོད་མི་རེ་འགའ་ལྷན་འཛོམས་ཀྱིས་ས་གནས་སུ་སོ་སོའི་བོད་མི་རིགས་ཀྱི་ཡིག་ཐོག་ནས་རྒྱུན་ལྡན་གྱི་ཚགས་ཤོག་གཅིག་འདོན་མི་ཐུབ་ཀྱང༌།
ལས་འགུལ་དང་བྱེད་སྒོ་གང་ཞིག་སྤེལ་བར་ཡིག་ཐོག་ཏུ་མི་ལ་སྟོན་རྒྱུ་ཡོད་པ་ཞིག་ཅིས་ཀྱང་བཟོ་རྒྱུའི་ཆོད་སེམས་ངང་སོ་སོས་དང་བླངས་ཀྱིས་མ་རྩ་དང་ལས་ཀ་གང་ཅིའི་ཐད་ནས་འགན་ལེན་གྱིས་ད་ལྟའི་བར་དུ་སོང་དང་འགྲོ་བཞིན་པ་ཡིན། བཙན་བྱོལ་བོད་མིའི་གསར་འཕྲིན་རྒྱུད་ལམ་ཁག་དང་མི་འདྲ་བའི་དགོས་པ་དམིགས་བསལ་བ་ནི་གསར་འཕྲིན་འདིའི་སྟེང་ན་ཆེར་མེད་ཀྱང༌།
ས་གནས་འདིར་སྡོད་བོད་རིགས་ཀྱི་ངོས་ནས་བཤད་ན་དམིགས་བསལ་གྱི་དགོས་དབང་ཆེན་པོ་མཐོང་གི་འདུག ཡུལ་མཐའ་འཁོབ་ཏུ་གནས་པའི་མི་རིགས་ཤིག་ལ་མཚོན་ན། མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ནི་མི་རིགས་གཞན་ཞིག་གི་རིག་གཞུང་ཁོར་ཡུག་ལ་བརྟེན་ནས་ཁོར་ཡུག་མེད་པའི་རིག་གཞུང་ཞིག་བདག་པོ་རྒྱག་རྒྱུ་དེ་རེད།
དེས་ན་རྒྱང་འབོད་རྩོམ་སྒྲིག་པ་དག་གིས་སེམས་ཤུགས་ཆེན་པོས་དང་བླངས་བྱེད་དོན་ཡང་དེ་ཡིན། སྤྱིར་སྤྱི་ཚོགས་ཤིག་ཡིན་དུས་རྙོག་དྲ་དང་དཀའ་ངལ་མེད་པ་གཏན་ནས་མིན། ང་རང་གི་ངོས་ནས་ཀྱང་རྒྱང་འབོད་རྩོམ་སྒྲིག་པའི་འགན་འཁུར་ནས་བཟུང་ད་བར་ཕྱི་ནང་གི་དཀའ་ངལ་མང་པོ་འཕྲད་བྱུང༌། ཡིན་ནའང༌། འཇིགས་ལ་ཉེ་བའི་མི་རིགས་ཤིག་གི་སྐད་ཡིག་གི་ཆག་སྒོ་ལ་བལྟས་ན་སྤྱིར་བཏང་གི་དཀའ་ངལ་ནི་དཀའ་ངལ་དང་གནོན་ཤུགས་ཤིག་ལ་མཐོང་གི་མི་འདུག

༦ ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨོ་སི་ཀྲི་ལེ་ཡར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་སོགས་མང་པོ་བཏང་དང་གཏོང་བཞིན་པས། དེ་གར་ཉིན་རེའི་ཁོ་ཚོའི་འཚོ་བའམ་ཐུན་མོང་ལ་འཕྲད་པའི་དཀའ་ངལ་ཅི་ཞིག་འདུག ཡང་ན། རྒྱང་འབོད་ཀྱིས་བོད་ཀྱི་སྐད་ཡིག་དང༌། རྩ་དོན་ལ་གཞོགས་འདེགས་ག་རེ་གནང་ཐུབ་ཀྱི་ཡོད་ན།

ལན། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་མང་ཆེ་བ་བོད་ནས་སླེབས་སྟེ་རྒྱ་གར་ནང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཆེར་མ་བྱུང་བར་བརྟེན། འདི་གར་ཐུན་མོང་ལ་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་ནི་སྐད་ཡིག་གི་མ་འདང་བ་དེ་རེད། བོད་ཀྱི་སྐད་ཡིག་ཐུན་མོང་གིས་བེད་སྤྱོད་བྱེད་པའི་ཁོར་ཡུག་མེད་ས་ཞིག་ལ་རང་གི་སྐད་ཡིག་ཐོག་ནས་དུས་དེབ་ཅིག་གསར་བསྐྲུན་བྱེད་དོན་ནི་བོད་ཀྱི་སྐད་ཡིག་ཅུང་ཙམ་ཤེས་པ་མི་བརྗེད་པ་དང༌། མ་ཤེས་པ་དག་ལ་རང་རིགས་ཀྱི་སྐད་ཡིག་གི་བག་ཆགས་ཙམ་ཞིག་རྒྱུད་ལ་འཇོག་ཐུབ་པའི་དམིགས་འདུན་དང༌། ལྷག་པར་དུ་མ་འོངས་པར་ཨོ་གླིང་དུ་གནས་སྡོད་བོད་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཆགས་རྒྱུ་ཡིན་པའི་ཡིད་ཆེས་ཡོད།

༧ མཇུག་མཐར༼ནུབ་གླིང་གི་བོད༽ཀྱི་ཚགས་པར་བརྒྱུད་བོད་པ་ཚོ་ནུབ་གླིང་ལ་ཁ་ཕྱོགས་པ་དེར་དགེ་སྐྱོན་ག་རེ་ཡོད་མེད་གསུང་རོགས།

ལན། བོད་པ་ཚོ་ནུབ་གླིང་ལ་ཁ་ཕྱོགས་པ་དེར་དགེ་སྐྱོན་གྱི་དབྱེ་འབྱེད་བྱེད་རྒྱུ་དཀའ་ནའང༌། བོད་པ་ཚོ་ས་ཕྱོགས་གང་དུ་གནས་ཀྱང་རང་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་བརྗེད་དེ་སོ་སོའི་མི་རིགས་ཀྱི་རྩ་དོན་བློས་བོར་ནས་དཔལ་འབྱོར་ཁོ་ནའི་ཆེད་དུ་མི་ཚེ་ཡི་དུས་འདའ་བ་ཡིན་ན་དངོས་ནས་སྐྱོན་ཆེན་པོ་མཐོང་གི་འདུག

Posted in Uncategorized | མཆན་འདེབས།

ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ།

སྤྱི་ལོ་༢༠༡༢་སྤྱི་ཟླ་གསུམ་པའི་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནི་གནམ་གཤིས་གྲང་བའི་དུས་སྐབས་ཤིག་ཡིན་མོད། ད་ལོ་རྒྱུན་ལྡན་དང་མི་འདྲ་བར་གནམ་གཤིས་དྲོད་ལ།ཁོར་ཡུག་གི་སྐྱེས་དངོས་ཚོགས་ལ་གསོན་ཤུགས་རྒྱས་ཏེ་མེ་ཏོག་འདྲ་མིན་གང་སར་བཞད་འདུག

དཔྱིད་མགོ་ཚུགས་སྔ་བའི་འདི་ལོའི་ཟླ་གསུམ་པའི་ནང་ཨ་རིའི་རྒྱལ་ཡོངས་ཀྱི་མངའ་སྡེ་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་དང་བཞི་བཅུ་ཙམ་རྒྱལ་ས་ཝ་ཞིནཊོན་དུ་འཛོམས་སོང་།        འདི་ནི་རང་དབང་མང་གཙོའི་རྒྱལ་ཁབ་ནང་གྲོས་ཚོགས་ནང་ཕྱིན་ཏེ་རང་གི་ཐོབ་ཐང་སྤྱོད་པའི་ལས་འགུལ་ཞིག་རེད།

ཁོང་ཚོའི་ལས་འགུལ་ནི། སྤྱི་ལོ་༢༠༡༢་ཟླ་༣ཚེས་༡༩་ནས་ཚེས་༢༠་བར་ཉིན་གཉིས་རིང་། ཨ་རིའི་རྒྱལ་ས་ནང་གཏན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་བྱས་པའི་བོད་དོན་ཚོགས་པ་ཁག་དང་། བོད་རིགས་སྤྱི་མཐུན་ཚོགས་པ།བོད་ཀྱི་གཞོན་ནུ་ཚོགས་པ།བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་བཀོད་སྒྲིག་ལྟར།ཨ་མེ་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ནང་ཕྱིན་ཏེ་རང་གི་མངའ་སྡེའི་འཐུས་མི་ལ་བོད་དོན་ཞུ་སྐུལ་བྱེད་རྒྱུ་དེ་རེད།

“བོད་དོན་ཞུ་སྐུལ་གྱི་ལས་འགུལ་ལ་ཞུགས་ནས་གྲོས་ཚོགས་འཐུས་མི་ལ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་།བོད་ཀྱི་སྐད་ཡིག་བོར་བརླགས་ལ་འགྲོ་བཞིན་བ་སོགས་ཞུ་སྐུལ་བྱེད་ཐུབ་པ་བྱུང་བར་དགའ་སྤོབས་བྱུང་” ཞེས་ཆུ་རླངསའབྲུག་བྱམས་ཀྱིས་ཟེར། ཁོང་ནི་བོད་དོན་ཞུ་སྐུལ་བའི་གྲས་ཀྱི་གཅིག་རེད། ཆུ་རླངས་འབྲུག་བྱམས་ནི་བོད་ཨ་མདོ་རེབ་གོང་དུ་སྐྱེས་འཚར་བྱུང་བ་དང་།སྤྱི་ལོ་༡༩༩༧་ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར །སྤྱི་ལོ་༢༠༠༢ལོར་ཨ་རིར་འབྱོར་ནས་ད་ལྟ་ཨ་རིའི་མི་སེར་ཆགས་འདུག བོད་དོན་ཞུ་སྐུལ་བ་ཁོང་ཚོའི་ཁྲོད། གྲྭ་བ་དང་། སློབ་ཕྲུག ཨ་རི་ནང་སྐྱེས་པའི་བོད་མི་གཞོན་སྐྱེས། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཨ་རི་བ་སོགས་མི་སྣ་འདྲ་མིན་མཉམ་ཞུགས་གནང་འདུགPicture1

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་འབྲེལ་མཐུད་པ་ཊོ་སྒྲི་སུ་ཊིན་གྱིས་“བློ་ཐག་ཆོད་པའི་མི་སྒེར་བ་༼བོད་དོན་ཞུ་སྐུལ་བ་ཚོ༽འདི་དག་གི་མཉམ་དུ་ལས་ཀ་བྱས་པ་དང་།དེས་ང་ལ་སེམས་གཏིང་ནས་ཡིད་འགུལ་ཐེབས ཁོང་ཚོའི་རེ་འདུན་ལ་གྲོས་ཚོགས་ནས་ལན་གསལ་ཞིག་གནང་ངེས་རེད།” ཞེས་གསུངས་འདུག

ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་།བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།ཨ་རི་གཞུང་དང་གྲོས་ཚོགས་ཀྱི་རྩ་བའི་ཕྱི་འབྲེལསྲིད་ཇུས་ལངས་ཕྱོགས་ནི་མང་གཙོ་དང་། རང་དབང་།འགྲོ་བ་མིའི་ཐོབ་ཐང་།མི་སྒེར་གྱི་རང་དབང་ལ་བརྩི་འཇོག་བྱེད་རྒྱུ་ནན་བརྗོད་བྱེད་བཞིན་ཡོད  བོད་ཀྱི་གནད་དོན་ནི་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་སྟབས། ཨ་རིའི་རྩ་བའི་སྲིད་ཇུས་ཀྱི་ལངས་ཕྱོགས་ཤིག་ཏུ་འཛིན་གྱི་ཡོད་པ་རེད།ཐེངས་འདིར་བོད་དོན་ཞུ་སྐུལ་བ་ཚོས་རེ་འདོན་དོན་ཚན་ལྔ་འཁྱེར་ནས་གྲོས་ཚོགས་འཐུས་མི་ལ་ཐུག་འཕྲད་དང་ཞུ་སྐུལ་བྱེད་དུ་ཕྱིན་འདུག

རེ་འདུན་དོན་ཚན་ལྔ་ནི། ༡ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གཞུང་གིས་བོད་མིར་དཀའ་སྡུག་དང་བཙན་གནོན་གཏོང་བར་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་རྒྱུ། ༢ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་སྲིང་རླུང་འཕྲིན་མུ་མཐུད་དུ་གནས་ཐབས་བྱེད་རྒྱུ། ༣ ༢༠༠༢ལོར་བཏོན་པའི་བོད་དོན་སྐོར་གྱི་སྲིད་ཇུས་ལ་ཁ་གསབ་བྱེད་རྒྱུ།༤བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་བར་འབོད་སྐུལ་ཞུ་རྒྱུ། ༥ བོད་མི་སྐྱབས་བཅོལ་ལེན་པར་རོགས་སྐྱོར་བྱེད་རྒྱུ་ཅེས་རེད།

བོད་དོན་ཞུ་སྐུལ་བ་ཚོས་རེ་འདོན་དོན་ཚན་ལྔ་འདི་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་བོད་མིའི་དཀའ་སྡུག་སེལ་བར་བཟང་ཕྱོགས་ནས་འགྱུར་བ་ཡོང་བར་ཡིད་ཆེས་གནང་བཞིན་འདུག “འདི་ནི་ང་རང་ལ་མཚོན་ལ་ཨ་རིའི་མི་སེར་ཞིག་གི་ཐོབ་ཐང་ཐོག རང་ཉིད་གཞིས་སྡོད་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ལ་ཐུག་ནས་བོད་དོན་ཞུ་སྐུལ་བྱས་པ་ཐོག་མ་ཡིན། གྲོས་ཚོགས་འཐུས་མི་བོལ་ཧྥུ་ཡིས་ཚོར་ཤུགས་ཆེན་པོའི་ངང་ང་ཚོར་བརྗོད་དོན།བོད་ཀྱི་གནད་དོན་སྐོར་ལ་ང་རང་སྒེར་ནས་དོ་སྣང་ཡོད།ཁྱེད་ཚོ་དང་བླངས་ཀྱིས་འདིར་ཡོང་ནས་བོད་དོན་ཞུ་སྐུལ་བྱེད་པ་ཧ་ཅང་ཡག་པོ་འདུག ཨ་རིའི་མི་སེར་གྱི་ཐོབ་ཐང་ཐོག ཨ་རིའི་སྲིད་འཛིན་གྱིས་བོད་དོན་སྐོར་ཕྱག་ལས་གང་མཛད་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་དང་ །ལྷག་པར་དུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཚོ་དང་འབྲེལ་བ་བྱས་ཏེ་བོད་དོན་སྐོར་ལ་དགོངས་ཚུལ་དང་ཕྱག་ལས་ཅི་ཞིག་གནང་ཐུབ་རྒྱུ་སྐོར་ལ་དྲི་བ་འདྲི་རྒྱུ་གལ་ཆེན་པོ་རེད”ཅེས་ཆུ་རླངས་འབྲུག་བྱམས་ཀྱིས་འགྲེལ་བརྗོད་བྱས།

Posted in Uncategorized | མཆན་འདེབས།

བོད་པར་སྐྱོན་ཆ་ཞིག་ཡོད་པ་ནི་ཐོབ་ཐང་རྩོད་ལེན་བྱེད་པ་དང་འོས་འགན་མི་བསྒྲུབ་པ་དེ་རེད།

ཐོག་མར་སྐུ་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ངའི་མིང་ལ་ལུང་རྟོགས་ཟེར་ཞིང་ཕ་ཡུལ་གྱི་ཤ་ཉེ་རིང་དང་མི་མང་པོས་ང་ལ་ཨ་ཁུ་ལུང་རྟོགས་ཟེར། རྒྱུ་མཚན་ནི་མདོ་སྨད་རེབ་གོང་མི་རིགས་སློབ་འབྲིང་ནས་མཐར་ཕྱིན་རྗེས་རོང་བོ་དགོན་ཆེན་ནས་གྲྭ་པ་བྱས་པར་བརྟེན་ཨ་ཁུ་ལུང་རྟོགས་འབོད་ཀྱི་ཡོད། ཨ་མདོའི་ས་ཁུལ་དུ་གྲྭ་པ་ལ་ཨ་ཁུ་ཟེར།
སྤྱི་ལོ་ ༡༩༩༥ ལོར་རྒྱ་གར་ནས་བོད་མི་ ༥༠༠ ལྷག་བོད་ནང་དུ་ཞི་བའི་གོམ་བགྲོད་ཡོང་འཆར་གྱི་གྲགས་སྐད་ཆེན་པོ་དེ་བྱུང་བ་རེད། ངས་ཁོ་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གྱི་སྦྱར་ཡིག་བྲིས་ནས་དགོན་པ་དང་སློབ་གྲྭ་ཁག་ཅིག་ལ་སྦྱར་བར་བརྟེན། རྒྱ་དམར་ཉེན་རྟོག་པས་འཇུ་བཟུང་གིས་ལོ་གཅིག་དང་ཕྱེད་ཀར་བཙོན་འཇུག་དང་ལོ་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོགས་སོང༌། ངའི་ནག་ཉེས་གསར་བརྗེ་ངོ་ལོག་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླགས། བོད་རང་བཙན་ཡིན་པའི་སྟོང་བསམས་བཅངས་པ་བཅས་རེད་ཟེར་གྱི་འདུག
སྤྱི་ལོ་ ༡༩༩༧ ལོར་རྒྱ་དམར་གྱིས་ཡང་བསྐྱར་འཛིན་བཟུང་གི་ཉེན་བརྡ་བྱུང་བ་ལྟར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ཡིན། ཟླ་བ་ཁ་ཤས་རིང་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་ཁུལ་བྱས་ཀྱང༌། རང་ཉིད་ཀྱི་ལོ་ཚད་སོགས་ཀྱི་དཀའ་ངལ་གང་མང་ཞིག་གིས་སློབ་གྲྭ་ནས་ཐོན་ཏེ་དྷ་སར་སྡོད་དགོས་བྱུང༌།
སྤྱི་ལོ་ ༡༩༩༩ ལོ་ནས་དྷ་སར་བོད་གནས་ཁྱབ་སྤེལ་ཁངལས་ཁུངས་ཨ་མ་དབྱིན་ཇིར་རྟེན་གཞི་བྱས་ཡོད།ནས་ལོ་བཞིའི་རིང་བོད་གནས་ཞིབ་འཇུག་གི་ལས་ཀ་བྱས་རྗེས་ཨོ་སི་ཀྲི་ལི་ཡར་སྲིད་དོན་བཙོན་ཟུར་དང་འབྲེལ་ཡོད་ནང་མི་གནས་སྤོར་གྱི་ལས་གཞིའི་རྒྱན་ཤོག་ཐོབ་སྟེ་དག་ཞིང་དུ་བརློམས་པའི་གནས་མཆོག་བདེ་བ་ཅན་ཨོ་སི་ཀྲི་ལི་ཡར་སླེབས་སོང༌།
གནས་འདིར་སླེབས་ནས་ཀྱང་རང་ཉིད་ཀྱི་ནུས་ཚོད་ཀྱིས་ཨོ་སི་ཀྲི་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཨེ་ཀྲི་སི་དང་སི་ནེའི་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ། བོད་རིགས་མཐུན་ཚོགས་ཀྱི་བོད་ཡིག་འཛིན་གྲྭའི་འགན་འཛིན། དེ་ནས་བོད་མིའི་གསར་འཕྲིན་༼རྒྱང་འབོད༽ཐོག་མར་འདོན་དུས་སྤྱི་ཁྱབ་འགན་འཛིན་བྱེད་རིང་བོད་ཡིག་དུས་དེབ་འདོན་ཐེངས་དྲུག་དང་དབྱིན་ཡིག་འདོན་ཐེངས་གཉིས། གཞན་དབྱིན་ཡིག་ནང་༼སྒྲ་གཅན་གྱིས་ཟིན་པའི་ཟླ་གཞོན་༽ཞེས་པའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་གཅིག་བཅས་འདོན་སྤེལ་གྱི་གོ་སྐབས་བཟང་པོ་ཐོབ།
སྤྱི་ལོ་ ༢༠༡༠ ལོར་ཁོན་སི་ལེན་ཌི་ས་ཁུལ་གྱི་བོད་རིགས་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱས་པ་ནས་བཟུང་ཚོགས་གཙོའི་ལས་འཁུར་བྱེད་བཞིན་པ་བཅས་ཡིན།

ཁྱེད་ཀྱིས་རྒྱ་གར་དྷ་རམ་ས་ལར་བོད་གནས་ཁྱབ་སྤེལ་ཁང་དུ་ཕྱག་ལས་གནང་བ་དང༌། དེ་གར་ངལ་རྩོལ་གྱི་ལས་ལ་ཞུགས་པ་གཉིས་ལ་ཚོར་སྣང་མི་འདྲ་བ་དང་རིན་ཐང་མི་འདྲ་བ། ཡང་ན་དགོས་མཁོ་དམིགས་བསལ་བ་ཅི་ཞིག་གི་བར་ཁྱད་མཐོང་གི་འདུག
ལན། དྷ་རམ་ས་ལར་མི་ལོ་བཞིའི་རིང་བོད་གནས་ཁྱབ་སྤེལ་ཁང་དུ་ལས་ཀ་བྱས་པ་དེ་ངའི་མི་ཚེའི་ནང་ངོམ་རིན་ཡོད་པའི་ལས་དོན་ཞིག་རེད་བསམས་ཀྱི་ཡོད། ལས་ཁུངས་དེ་ནི་སྐབས་དེར་འཛམ་གླིང་གཞུང་སྒེར་མང་པོས་ཆ་འཇོག་བྱེད་སའི་གནས་ཚུལ་དང༌། མཁོ་སྤྲོད་བྱེད་སའི་ལས་ཁུངས་ཤིག་ཡིན་པ་དང་བོད་དོན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཨོ་སི་ཀྲི་ལི་ཡར་འབྱོར་ནས་བཟུང་ལས་ཀ་དེ་མུ་མཐུད་བྱེད་མ་ཐུབ་པའི་གནོང་འགྱོད་ཆེན་པོ་སྐྱེས་སོང༌། ཡིན་ན་ཡང༌། རྗེས་སུ་༼རྒྱང་འབོད༽བོད་མིའི་གསར་འཕྲིན་འདོན་པའི་གོ་སྐབས་བྱུང་སོང་བས། མུ་མཐུད་བོད་ཀྱི་གནད་དོན་ཐད་ཕན་ཐོགས་པའི་ལས་ཀ་ཞིག་བསྒྲུབས་ཐུབ་སོང་སྙམ་པའི་དགའ་ཚོར་ཡང་སྐྱེས་ཀྱི་འདུག

ནུབ་གླིང་དུ་རྒྱུ་འབྱོར་གསོག་སྒྲུབ་བྱེད་ཐུབ་མིན་དང་བོད་ཀྱི་སྐད་དང་གོམས་གཤིས་བརླགས་པ། ད་དུང་གསར་སྐྱེས་བྱིས་པ་དག་གིས་བོད་སྐད་མ་བཤད་པར་དབྱིན་སྐད་ཤོད་པ་སོགས་ཀྱི་སྐོར་ལ་ཁ་ཚ་དགོས་གཏུགས་ཀྱི་བསླབ་བྱ་གང་ཞིག་དུས་ལ་བབ་འདུག
ལན། ནུབ་གླིང་དུ་རྒྱུ་འབྱོར་གསོག་སྒྲུབ་ཀྱི་གོ་སྐབས་མང་པོ་ཡོད་པ་དེ་ཡང་འདིར་བཞུགས་བོད་མི་མང་ཆེ་བས་ལས་ཀར་ཉིན་མཚན་དབྱེར་མེད་བྱས་ནས་ཕ་ཡུལ་བོད་དང་རྒྱ་གར་དུ་ཡོད་པའི་གཉེན་ཉེ་སྤུན་མཆེད་ཚོར་དཔལ་འབྱོར་གྱི་ཕན་ཐོགས་སྒྲུབ་ཀྱི་ཡོད་པ་ཡོངས་གྲགས་ཡིན་པས་འདིར་བརྗོད་མི་དགོས། འདི་གར་བོད་རིགས་མང་ཆེ་བ་ལར་ཞེན་དང་རང་གི་རིག་གཞུང་ལ་དོ་སྣང་ཡོད་པའི་ཕ་མ་རྣམས་ཀྱིས་སོ་སོའི་ནང་དུ་བོད་སྐད་གཙང་མ་རྒྱག་རྒྱུའི་ཐབས་ཤེས་གང་ཡོང་བྱེད་ཀྱི་ཡོད་ཀྱང༌། ཁོར་ཡུག་ཡོད་ཚད་དབྱིན་སྐད་ཡིན་པས་རང་གི་སྐད་དང་གོམས་གཤིས་རྒྱུན་འཛིན་བྱེད་རྒྱུར་དཀའ་ངལ་གང་མང་འཕྲད་ཀྱི་ཡོད། ཡིན་ན་ཡང༌། ས་གནས་སོ་སོར་བོད་ཡིག་འཛིན་གྲྭ་བཙུགས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་མུ་མཐུད་སྤེལ་བ་ཡིན་ན། སྐད་དང་གོམས་གཤིས་གཏན་བརླགས་སུ་འགྲོ་བའི་ཉེན་ཁ་འཕྲད་རྒྱུ་མ་རེད་བསམ་གྱི་འདུག

ཁྱེད་ཀྱིས་དེ་སྔ་རྒྱང་འབོད་གསར་འཕྲིན་གྱི་འགན་འཛིན་གནང་སྐབས་ཀྱི་དཀའ་ངལ་དང་དགོས་དམིགས་སོགས་ཀྱི་སྐོར་ལ་བཙན་བྱོལ་བོད་མིའི་གསར་འཕྲིན་བརྒྱུད་ལམ་ཁག་དང་མི་འདྲ་བའི་དགོས་དམིགས་གང་མཐོང་བྱུང༌།
ལན། རྒྱང་འབོད་གསར་འཕྲིན་ནི་རྒྱང་རིང་ས་མཐའི་ཡུལ་གྱི་འབོད་སྐུལ་གཉོམ་པོ་དེ་བཞིན་མེས་པོའི་ཤུལ་བཞག་སྐད་ཡིག་མ་ཉམས་གོང་འཕེལ་དང་བོད་མི་རྣམས་ལ་བོད་ཡིག་གི་ལམ་ནས་གནས་ཚུལ་མཁོ་སྤྲོད་བྱེད་པའི་དམིགས་ཡུལ་གཞིར་བཟུང༌། ཐོག་མའི་འདོན་ཐེངས་ཀྱི་མ་དངུལ་རྩོམ་སྒྲིག་ཚོགས་ཆུང་རང་ནས་བཏང་སྟེ་འདོན་སྤེལ་ཞུས་པ་རེད། དུས་དེབ་འདོན་སྤེལ་གྱི་བརྒྱུད་རིམ་ཁྲོད་དཀའ་ངལ་ཡང་གང་མང་ཞིག་འཕྲད་ཡོད། འོན་ཀྱང༌། རྩོམ་སྒྲིག་ཚོགས་ཆུང་དེ་མང་གཙོའི་འགྲོ་སྟངས་ལྟར་སྒྲིག་གཞི་དང་ལས་འགན་བགོ་བཤའ་རྒྱག་པ་སོགས་ཀྱི་འགྲོ་སྟངས་ཡག་པོ་ཡོད་པས། ད་ལྟ་མི་ལོ་ལྔའི་རིང་༼རྒྱང་འབོད༽གསར་འཕྲིན་མུ་མཐུད་འགྲོ་བཞིན་པ་རེད། དུས་དེབ་འདི་ནི་ནུབ་གླིང་དུ་རྣམ་པ་གསར་ཤོས་ཀྱི་དུས་དེབ་ཅིག་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། འབྱུང་འགྱུར་ཨོ་སི་ཀྲི་ལི་ཡའི་བོད་མིའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དག་ལ་རིན་ཐང་བྲལ་བའི་ཡིག་ཆ་ཞིག་ཆགས་རྒྱུ་ཡིན་པ་སྤོབས་པ་མཐོན་པོས་བརྗོད་ཆོག་ཞུས་པ་ཡིན།

ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨོ་སི་ཀྲི་ལེ་ཡར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་སོགས་མང་པོ་བཏང་དང་གཏོང་བཞིན་པས། དེ་གར་ཉིན་རེའི་ཁོ་ཚོའི་འཚོ་བའམ་ཐུན་མོང་ལ་འཕྲད་པའི་དཀའ་ངལ་ཅི་ཞིག་འདུག ཡང་ན་དེས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རྩ་དོན་ལ་རམ་འདེགས་ག་རེ་གནང་ཐུབ་ཡོད་ན།
ལན། བཙན་བྱོལ་སྒྲིག་འཛུགས་ཀྱིས་ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་ནང་མི་མང་པོ་ཨོ་སི་ཀྲི་ལི་ཡར་གཞིས་ཆགས་གཏོང་བཞིན་པ་དེ་གལ་ཆེན་གྱི་ལས་འཆར་ཞིག་རེད་བསམ་གྱི་འདུག ཡུལ་འདིར་དང་པོ་སླེབས་དུས་དབྱིན་སྐད་ཀྱི་རྨང་གཞི་མེད་པ་ཡིན་ན་ལོ་ཤས་རིང་འགྲོ་འདུག་སྤྱོད་གསུམ་ཀྱི་ཐོག་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་པ་རེད། འོན་ཀྱང༌། བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་བྱས་པ་བརྒྱུད་བོད་རིགས་རྣམས་དཀའ་ངལ་ཆེན་པོ་དེ་འདྲ་མེད། གཞན་གནས་འདིར་སླེབས་པ་དགེ་མཚན་ཁག་ཁ་ཤས་མཐོང་གི་འདུག་ལ། དང་པོ། ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་ནང་མི་རྣམས་ཀྱི་འཚོ་བའི་དཀའ་ངལ་སེལ་བ། རྒྱ་གར་དུ་བསྡད་པ་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ལ་ཁུར་པོ་ལྷག་མ་ཞིག་ཆགས་ཡོད། གཉིས་པ། གཞོན་སྐྱེས་དང་ཕྲུ་གུ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཡོད་པ་དང༌། འཕྲོད་བསྟེན་དང་སྤྱི་ཚོགས་བདེ་དོན་ནི་འཛམ་གླིང་གི་ཡག་ཤོས་གྲས་སུ་ཚུད་ཀྱི་ཡོད། གསུམ་པ། ཆབ་སྲིད་བཙོན་ཟུར་རྣམས་བརྒྱུད་ཨོ་སི་ཀྲི་ལི་ཡའི་ནང་བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ཞིག་ཡོད་པ་རེད།

དེང་སྐུ་ཉིད་ཨོ་སི་ཀྲི་ལི་ཡའི་ཁོན་སི་ལེན་ཌི་ས་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡིན་དུས། ཚོགས་གཙོའི་ཕྱག་ལས་གཙོ་བོ་ག་རེ་ཡིན་ནམ།
ལན། སྤྱིར་བཏང་ཚོགས་གཙོ་ཞིག་གི་མིང་ཁུར་ནས་ལས་ཀ་བྱེད་རྒྱུ་མང་པོ་ཞིག་ཡོད་པ་སྨོས་མེད་རེད། ཡིན་ཡང༌། བོད་རིགས་སྤྱི་མཚུངས་ལྟར་སོ་སོའི་འཚོ་བའི་ཆེད་ལས་ཀར་འགྲོ་དགོས་པས་བོད་རིགས་མཐུན་ཚོགས་ཀྱི་ལས་ཀའི་ཆེད་འདོད་པ་ཁེངས་པའི་དུས་ཚོད་ཅིག་གཏོང་ཐུབ་ཀྱི་མེད། ཡིན་ཡང༌། ལས་ཀ་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང༌། ཆབ་སྲིད་བཅས་ཀྱི་ཐོག་ལོ་རེའི་ནང་དུས་ཆེན་ཁག་སྲུང་བརྩི། བོད་ཡིག་འཛིན་གྲྭ། ཟློས་གར། ས་གནས་སྲིད་དོན་པར་འབྲེལ་གཏུགས། རང་གཞུང་སྐུ་ཚབ་དོན་གཅོད་ཀྱི་བཀའ་མངགས་གང་ཡོང་བསྒྲུབ་རྒྱུ། གཞན་རྒྱལ་གཅེས་མ་དངུལ་བསྡུ་བ་སོགས་ལས་དོན་ཙག་ཙིག་མང་པོ་ཡོད་པ་རེད། ང་རང་ཚོགས་གཙོ་ཡིན་པའི་རིང་འབྱུང་འགྱུར་བོད་རིགས་སྤྱི་མཐུན་ཚོགས་པར་ཚོགས་ཁང་ཞིག་རྒྱག་ཐུབ་པའི་འཆར་གཞི་དང་མ་དངུལ་བསྡུ་རུབ་ཀྱི་ལས་དོན་ཞིག་སྤེལ་བཞིན་ཡོད།

མཇུག་མཐར༼ནུབ་གླིང་གི་བོད༽ཀྱི་ཚགས་པར་བརྒྱུད་བོད་པ་ཚོ་ནུབ་གླིང་ལ་ཁ་ཕྱོགས་པ་དེར་དགེ་སྐྱོན་ག་རེ་ཡོད་མེད་གསུང་རོགས།
ལན། བོད་པ་རྣམས་ནུབ་ཕྱོགས་ལ་ཁ་ཕྱོགས་པ་དེ་སྐྱོན་ཞིག་མཐོང་མ་སོང་ལ། ང་ཚོ་བོད་པ་ཚང་མར་ཡོད་པའི་སྐྱོན་ཆ་ཞིག་ཡོད་པ་ནི་ཐོབ་ཐང་རྩོད་ལེན་བྱེད་པ་དང་འོས་འགན་མི་བསྒྲུབ་པ་དེ་རེད། མང་གཙོའི་རྒྱལ་ཁབ་ཀྱི་ཁྱད་ཆོས་གཙོ་བོ་ཐོབ་ཐང་དང་འོས་འགན་ཟུང་འབྲེལ་བྱེད་པ་དེ་རེད། ཨོ་སི་ཀྲི་ལི་ཡའི་མི་སེར་ཆགས་དུས་ཀྱང་མི་སེར་ལ་ཐོབ་ཐང་གང་ཡོད་མེད་དང་འོས་འགན་གང་ཡོད་མེད་འགྲེལ་བཤད་གསལ་པོར་རྒྱག་གི་ཡོད་པ་རེད། གང་ལྟར། བོད་མི་ཚོས་ཐོབ་ཐང་གཅིག་པོ་རྩོད་ལེན་གྱིས་འོས་འགན་མ་བསྒྲུབ་པ་ཡིན་ནྋགོང་ས་མཆོག་གིས་ཡོངས་ཁྱབ་ཏུ་བསྒྲགས་བཞིན་པའི་ཡ་རབས་ཀྱི་མི་རིགས་འདི་མ་རབས་ཀྱི་མི་རིགས་ཤིག་ཏུ་ཆགས་རྒྱུའི་ཉེན་ཁ་མཐོང་གི་འདུག་གསུངས་ཡོད་པ་རེད། མཐར་ནུབ་གླིང་གི་བོད་ཀྱི་ཚགས་པར་རྩོམ་སྒྲིག་པ་རྣམས་དང་མཐུན་འགྱུར་གནང་མཁན་ཚང་མའི་ལྷག་བསམ་དང་གཏོང་ཕོད། མཁྱེན་རྒྱ་བཅས་ལ་རྗེས་སུ་ཡི་རངས་ཀྱི་བསྟོད་བསྔགས་ཞུ་འདོད་བྱུང༌།

Posted in Uncategorized | མཆན་འདེབས།

༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁཱ་ནཱ་སྒྲའི་སྲིད་བློན་ཧཱར་ཕེར་དང་མཇལ་འཕྲད།

dalai and Canada

སྤྱི་ལོ་༢༠༡༢་ཟླ་༤་ཚེས་༢༧་ཉིན་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁཱ་ནཱ་སྒྲའི་སྲིད་བློན་སི་ཊེ་ཧྥེན་ ཧཱར་ཕེར་Stephen Harperདང་ལྷན་གྲོས་ཚོགས་ཁང་དུ་ཁོང་གི་སྒེར་གྱི་གཞུང་ལས་ཁང་དུ་མཇད་འཕྲད་གནང་སྟེ་དུས་ཡུན་སྐར་མ་ཉི་ཤུ་ལྷག་ལ་བཀའ་མོལ་གནང་ཡོད་པ་རེད།

ཐེངས་འདིའི་མཇལ་འཕྲད་སྐོར་ལ་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཀྱིས་གསར་ལམ་ཁག་ཏུ་གསུངས་དོན།  “༧སྐྱབས་མགོན་རིན་པོ་ཆེ་དང་སྲིད་བློན་གཉིས་ཀྱི་མཇལ་འཕྲད་ཧ་ཅང་མཉེས་པོ་དང་ཡག་པོ་བྱུང་སོང་།  ཉེ་སྔོན་རྒྱ་གཞུང་དཔོན་རིགས་ཤིག་གིས་སྲིད་བློན་ཧཱར་ཕཱེར་གཙོས་པའི་ཁཱ་ནཱ་སྒྲའི་དཔོན་རིགས་ཚོས་༸གོང་ས་མཆོག་ལ་མཇལ་འཕྲད་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་ཀྱང་།  སྲིད་བློན་མཆོག་གིས་རང་ཉིད་ཀྱི་ལངས་ཕྱོགས་གསལ་འདོན་གནང་སྟེ་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་འདིས།ཁཱ་ནཱ་སྒྲ་གཞུང་གིས་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པ་མཚོན་ཡོད།” ཅེས་འགྲེལ་བརྗོད་བྱས།

འདི་ནི་སྲིད་བློན་ཧཱར་ཕཱེར་ལགས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག      དེ་མིན། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༩བར་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ ་པ་འཚོགས་བཞིན་པ་ལྟར།  ༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་གསུང་བཤད་གནང་ཡོད་པ་དང་།ཚོགས་ཆེན་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རེ་ཆཱར་སྒེར་སོགས། འཛམ་གླིང་རྒྱལ་ཁབ་ཁག་༣༠ལྷག་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་ ༥༠ ཙམ་དང་། དེ་བཞིན། བོད་ཀྱི་བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་ཁག་ཅིག  སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོ་བྱས་པའི་སྤྱི་འཐུས་ཁག་ཅིག་བཅས། བོད་མི་ ༦༠་ཙམ་ཚོགས་ཐོག་ཏུ་འདུ་འཛོམས་བྱུང་ཡོད་འདུག

Posted in གསར་འགྱུར། | མཆན་འདེབས།

༼ནུབ་གླིང་གི་བོད།༽འདོན་ཐེངས་དྲུག་པའི་འདྲ་པར།

IMG_3512IMG_3513IMG_3514

Posted in Uncategorized | མཆན་འདེབས།

ཨ་མེ་རི་ཀའི་ཕོ་བྲང་དཀར་པོ།

     འདས་པའི་ལོ་ཉིས་བརྒྱ་ཡི་ལོ་རྒྱུས་ཡོད་པའི་ཕོ་བྲང་དཀར་པོ་ནི་ཨ་མེ་རི་ཀའི་སྲིད་འཛིན་གྱི་ནང་མི་བཞུགས་གནས་དང་སྲིད་འཛིན་གྱི་ཕྱག་ལས་གནང་ས།    དེ་མིན་རྒྱལ་ཁབ་འདྲ་མིན་གྱི་སྲིད་འཛིན་དང་། ཆབ་སྲིད་པ།  སྙན་གྲགས་ཅན་གྱི་མི་སྣ་གལ་ཆེན་རྣམས་ལ་མཇལ་འཕྲད་གནང་སའི་ཁང་པ་ཞིག་རེད།

ད་ལྟ་ཁང་པ་འདི་འཛམ་གླིང་ནང་སྙན་གྲགས་ཆེ་ལ་ཨ་རིའི་སྲིད་འཛིན་དང་སྲིད་གཞུང་གི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད་མ་ཟད། ཕོ་བྲང་དཀར་པོ་འདིའི་ནང་རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་གལ་ཆེན་ཁག་ཐག་གཅོད་བྱེད་ས་དང་། ཁྲིམས་གསར་བ་གཏན་འབེད་ཀྱིས་སྲིད་འཛིན་ཀྱི་མཚན་རྟགས་འགོད་ས་སོགས་ལོ་རྒྱུས་རང་བཞིན་གྱི་མཛད་རིམ་མང་བོ་འབྱུང་སའི་ཁང་བ་ཞིག་རེད།

སྤྱི་ལོ་༡༧༩༢་ལོའི་ཟླ་༡༠་ནང་ཨ་རིའི་སྲིད་འཛིན་དང་བོ་འཇོར་རྗེ་ཝ་ཞིན་ཊོན་George Washington  གྱིས་རྨང་རྡོ་བཏང་ནས་གསར་བསྐྲུན་འགོ་འཛུགས་བྱས་པ་དང་། སྤྱི་ལོ་༡༨༠༠་ལོ་ཨ་རིའི་རྒྱལ་ས་ཧྥི་ལེ་སྒྲེ་ཧྥེ་ཡ་ནས་རྒྱལ་ས་གསར་བ་བདམས་པའི་ཁོ་ལུམ་སྦི་ཡ་རྫོང་ལ་གནས་སྤོ་བྱེད་དུས་སྲིད་འཛིན་གྱི་ཁང་པ་འདི་ད་དུང་ཆ་ཚང་ཞིག་འགྲུབ་མེད་པར་བརྟེན།ཨ་རིའི་ཡབ་ཆེན་དུ་འབོད་པའི་སྲིད་འཛིན་དང་བོ་ཇོར་ཇི་ཝ་ཞིན་ཊོན་མཆོག་ཁང་བ་འདིའི་ནང་བཞུགས་མེད་པ་རེད།

སྤྱི་ལོ་༡༨༠༠་ལོར་ཁང་བ་འདི་ད་དུང་ཆ་ཚང་འགྲུབ་མེད་ཀྱང་། ལོ་དེའི་སྤྱི་ཟླ་བཅུ་གཅིག་གི་ཚེས་གཅིག་ཉིན་ཨ་རིའི་སྲིད་འཛིན་གཉིས་པ་ཇོན་ཨ་སྒྲམ་དང་ཁོང་གི་ལྕམ་གཉིས་ཁང་བ་འདིའི་ནང་གནས་སྤོ་བྱས་པ་རེད། དུས་དེ་ནས་བཟུང་། ཨ་རིའི་སྲིད་འཛིན་རྣམས་ཀྱི་བཞུགས་གནས་དང་ཕྱག་ལས་གནང་སའི་སྡོད་ཁྱིམ་ཞིག་ཏུ་གྱུར།

ཨ་རིའི་སྲིད་འཛིན་གསུམ་པ་ཇེ་ཧྥི་སུ་སྐབས་ཁང་བ་འདི་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། ཁང་བའི་ཕྱོགས་གཉིས་སུ་རྒྱ་བསྐྱེད་གནང་བ་དང། ཁོང་གིས་རང་དབང་དང་མང་གཙོ་ལོངས་སྤྱོད་གནང་ཆེད།སྲིད་འཛིན་སྡོད་ཁྱིམ་འདི་ཞོགས་པ་རྟག་པར་ལྟ་སྐོར་བ་ཚོ་ཆེད་དུ་སྒོ་ཕྱེས་ཡོད་པ་རེད།

སྤྱི་ལོ་༡༨༡༤་ལོ་དབྱིན་དམག་གིས་ཨ་རིའི་རྒྱལ་སར་བཙན་འཛུལ་བྱས་པ་དང་།   རྒྱལ་སའི་ནང་གཞུང་གི་ཁང་པ་རྣམས་དང་།  དེ་བཞིན་སྲིད་འཛིན་བཞུགས་ཁང་འདི་མེ་བསྲེགས་དང་གཏོར་བཅོམ་བྱས་ནས་གནོད་སྐྱོན་ཆེན་པོ་ཐེབས།

སྤྱི་ལོ་༡༨༡༥་ལོ་ནས་སྲིད་འཛིན་བཞུགས་ཁང་འདི་བསྐྱར་བཟོ་བྱས་པ་དང་། ནག་དྲེག་ཆགས་པའི་རྩིག་གྱང་ལ་མཚོན་རྩི་དཀའ་བོ་བྱུགས་པས་ཁང་བ་དཀར་བོ་གྱུར། སྤྱིར་ཁང་བ་འདི་ལ་གཞུང་འབྲེལ་གྱི་ཡིག་ཆའི་ནང་“སྲིད་འཛིན་ཁང་པ”ཞེས་འབོད།

སྤྱི་ལོ་༡༩༠༡་ལོར་སྲིད་འཛིན་རོའོ་སུ་བེལ་གྱིས་གཞུང་འབྲེལ་ཐོག་“ཁང་བ་དཀར་པོ་”ཞེས་མིང་བསྒྱུར་བྱས་། ཁང་བ་དཀར་པོ་འདི་ལ། བོད་མི་ཚོས་ཕོ་བྲང་དཀར་པོ་ཞེས་འབོད། ཡིན་ནའང་། ཨ་རི་བ་ཚོས་ཕོ་བྲང་དཀར་པོ་ཞེས་འབོད་མི་སྲིད། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་སྲིད་འཛིན་ཟུར་བ་བྷུའུ་ཞི་དང་བྷིལ་ཁུ་ལེན་ཊོན། བྷུའུ་ཞི། ད་ལྟའི་སྲིད་འཛིན་ལས་ཐོག་ཨོ་བྷ་མ་རྣམས་ལ་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཐེངས་མང་བོ་མཛད་ནས་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་ཡོད་པ་རེད།

Posted in Uncategorized | མཆན་འདེབས།

ཨ་ལེ་སུ་ཁཱན་སྒྲེལ་ཀྱི་བསྡུ་ཉར་བྱས་པའི་བོད་ཀྱི་མཆོད་ཁང་།

སྤྱི་ལོ་༢༠༡༠་ཟླ་གསུམ་པ་ནས་ཟླ་བདུན་པ་བར་ངོ་མཚར་ལྡན་པའི་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཆོད་ཁང་ཞིག་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཡོད་པའི་སྙན་གྲགས་ཆེ་བའི་སི་མེ་ཐི་སོ་ནེའུ་འགྲེམས་སྟོན་ཁང་Smithsonian’s Sackler Gallery གི་སཱ་ཁ་ལེར་དངོས་བཤམས་ཁང་ནང་གཟིགས་འབུལ་བྱས་ཡོད་པ་དང་།   མཆོད་ཁང་དེ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རབ་གནས་དང་བྱིན་རླབས་བསྩལ་ཡོད་པ་རེད།

བོད་ཀྱི་མཆོད་ཁང་འདིའི་ནང་གི་ཅ་དངོས་རྣམས་ཨ་ལེ་སུ་ ཁཱན་སྒྲེལ་ Alice s. Kandellསྒེར་ངོས་ཀྱིས་ལོ་ངོ་ལྔ་བཅུ་ཙམ་ལ་བསྡུ་རུབ་ཉར་ཚགས་གནང་བ་དང་། མཆོད་ཁང་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདྲ་དང་། ཐང་ག  གོས་རྒྱན། ཆོས་དཔེ། མཆོད་རྟེན། དུང་། རོལ་ཆ། མཆོད་མེ། ཁྲི། མདུན་ཅོག་སོགས་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ཅ་དངོས་དང་ཡོ་བྱད་༢༢༠་ཙམ་འདུག

སྤྱི་ལོ་༢༠༡༠་ནང་ལྕམ་ཨ་ལེ་སུ་ཡིས་བསྡུ་རུབ་ཉར་ཚགས་གནང་བའི་བོད་ཀྱི་མཆོད་ཁང་འདི་ནེའུ་ཡོག་ནང་ཡོད་པའི་མོའི་སྡོད་ཁྱིམ་ནས་རྒྱལ་ས་ཝ་ཞིན་ཊོན་ཏུ་སི་མེ་ཐི་སོ་ནེའུ་འགྲེམས་སྟོན་ཁང་ནང་དངོས་བཤམས་གཟིགས་འབུལ་ཆེད་གནས་སྤོ་བྱས་པ་དང་། སྐབས་དེར། འགྲེམས་སྟོན་ཁང་འདིར་བོད་ཀྱི་མཆོད་ཁང་འདི་དངོས་བཤམས་གཟིགས་སྟོན་གནང་བའི་ཟླ་ངོ་བཞིའི་སྐབས་རིང་ལྟ་སྐོར་བ་འབུམ་གསུམ་ཙམ་སླེབས་འདུག དེ་མིན། བོད་ཀྱི་མཆོད་ཁང་འགྲེམས་སྟོན་གནང་བ་ནི་སྒྱུ་རྩལ་འགྲེམས་སྟོན་ཁང་གིས་འདས་པའི་ལོ་ངོ་དགུ་རིང་འགྲེམས་སྟོན་བྱས་པའི་ཁྲོད་ཆེས་སྙན་གྲགས་ཆེ་བ་བཞིའི་ནང་གི་གཅིག་ཀྱང་རེད་འདུག

སྤྱི་ལོ་༢༠༡༠་ཟླ་བ་༧་ཚེས་༡༦་ཉིན་ལྕམ་ཨ་ལེ་སི་ཁཱན་སྒྲེལ་གྱིས་བོད་ཀྱི་མཆོད་ཁང་འདི་སི་མེ་ཐི་སོ་ནེའུ་འགྲེམས་སྟོན་ལྷན་ཁང་ལ་ཞལ་འདེབས་སུ་ཕུལ་རྒྱུ་ཞལ་བཞེས་གནང་བ་དང་། སྐབས་དེར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཆེད་ཕེབས་གནང་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་བཤད་གནང་དོན།  “ཁྱེད་རང་གི་ཀུན་སློང་ཧ་ཅང་ཡག་པོ་འདུག   བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་དང་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་པོ་རེད།མི་མང་བོ་ལ་སངས་རྒྱས་ཆོས་ལུགས་ཀྱི་སྙིང་རྗེ་དང་ཞི་བདེའི་ལྟ་བ་གོ་རྟོགས་ཟབ་མོ་ཐོབ་པར་ཕན་ངེས་རེད་”  ཅེས་གསུངས། ལྕམ་ཨ་ལེ་སུ་ཡིས་བོད་ཀྱི་མཆོད་ཁང་འདི་འགྲེམས་སྟོན་ལྷན་ཁང་ལ་ཞལ་འདེབས་གནང་སྐབས།“བོད་ཀྱི་མཆོད་ཁང་འདི་དད་གུས་དང་གཅེས་ཉར་ཡག་པོ་གནང་ས་ཞིག་ཏུ་ཕུལ་བ་ཡིན།སི་མེ་ཐི་སོ་ནེའུ་ལྷན་ཁང་གིས་བོད་ཀྱི་ལུགས་སྲོལ་ལྟར་སྒྲིག་པའི་མཆོད་ཁང་འདི་གཅེས་ཉར་བྱེད་རྒྱུ་ཁས་ལེན་བྱས་པ་དང་།ཅ་དངོས་ཡོ་བྱད་རྣམས་ལྷན་གཅིག་ཏུ་སྒྲིག་ཏེ་བོད་ཀྱི་འབྱོར་ལྡན་ཁྱིམ་ཚང་ཞིག་གི་ནང་ཡོད་པའི་མཆོད་ཁང་ལྟར་གཟིགས་མོར་བཤམས་སྟོན་གནང་རྒྱུ་རེད།” ཞེས་གསུངས།

སི་མེ་ཐི་སོ་ནེའུ་འགྲེམས་སྟོན་ཁང་ནི་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནང་ཡོད་པའི་ཆེས་སྙན་གྲགས་ཆེ་བའི་འགྲེམས་སྟོན་ཁང་ཞིག་རེད། བོད་ཀྱི་མཆོད་ཁང་འགྲེམས་སྟོན་བྱེད་ས་ནི་ཨར་ཐུར་སཱ་ཁ་ལེར་ Arthur M. Sackler Gallery སྒྱུ་རྩལ་བཤམས་སྟོན་ཁང་ཡིན་པ་དང་།བཤམས་སྟོན་ཁང་འདི་ནི་སི་མེ་ཐི་སོ་ནེའུ་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་རེད། དངོས་བཤམས་ཁང་འདིར་ཨེ་ཞི་ཡའི་སྒྱུ་རྩལ་འགྲེམས་སྟོན་གནང་བཞིན་འདུག

སཱ་ཁ་ལེར་སྒྱུ་རྩལ་བཤམས་སྟོན་ཁང་གི་འཛིན་སྐྱོང་དོ་དམ་པ་རཱ་བྷེ་ཡིས་འགྲེལ་བརྗོད་གནང་དོན། “ང་རང་ལྕམ་ཨ་ལེ་སུ་ཡི་སྡོད་ཁྱིམ་དུ་ཕྱིན་པ་ན། བོད་ཀྱི་མཆོད་ཁང་འདི་མཐོང་བ་དང་།དེ་ནི་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་རེད།མོས་རེ་འདོད་དང་དཀའ་སྤྱད་ཀྱིས་མཆོད་ཁང་འདི་བསྡུ་རུབ་ཉར་ཚགས་གནང་དང་།སཱ་ཁ་ལེར་བཤམས་སྟོན་ཁང་ལ་ཞལ་འདེབས་གནང་བ་དེ་བསྟོད་བསྔགས་བྱེད་བཞིན་ཡོད།ང་ཚོས་བོད་ཀྱི་མཆོད་ཁང་ལ་ཆེད་མངགས་བཤམས་སྟོན་ཁང་ཞིག་བསྐྲུན་ཏེ་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ཨ་རིའི་རྒྱལ་སའི་ནང་མི་མང་ལ་ངོ་སྤྲོད་བྱེད་རྒྱུ་ཡིན” ཟེར།

ལྕམ་ ཨ་ལེ་སུ་ཁཱན་སྒྲེལ་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བཞུགས་ཡོད་པ་དང་། མོ་ནི་བྱིས་པའི་སེམས་ཁམས་རིག་པ་བ་ཞིག་དང་པར་རྒྱག་མཁན་ཞིག་རེད།ལྕམ་ཁཱན་སྒྲེལ་སློབ་ཕྲུག་ཡིན་དུས་ནས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལ་དོ་སྣང་ཡོད་པ་མ་ཟད།ཧི་མ་ལ་ཡའི་འདབས་འབྲེལ་གྱི་རྒྱན་ཕྲན་བལ་ཡུལ་དང་འབྲས་ལྗོངས།ལ་དཱགས་སོགས་ཀྱི་རིག་གཞུང་ལ་དོ་སྣང་དང་ཞིབ་འཇུག་གནང་མཁན་ཞིག་ཀྱང་རེད།སྤྱི་ལོ་༡༩༦༦་ནས་༡༩༧༩་བར་མོ་འབྲས་ལྗོངས་གཙོ་བྱས་ས་ཁུལ་དེ་དག་ལ་ལྟ་སྐོར་དུ་ཕེབས་ཏེ་འདྲ་པར་ཁྲི་གཅིག་དང་སྟོང་ལྔ་ཙམ་རྒྱབ་ཡོད་པ་དང་། སྤྱི་ལོ་༡༩༧༡་ལོར་འདྲ་པར་དེ་རྣམས་ནེའུ་ཡོག་གྲོང་ཁྱེར་ནང་འགྲེམས་སྟོན་བྱས་པ་དང་། མོས་རང་ཉིད་ཀྱི་པར་ཆས་བེད་སྤོད་བྱས་ཏེ་ཧི་མ་ལ་ཡིའི་རིག་གཞུང་དང་མི་དམངས། ལྷག་པར་དུ་འབྲས་ལྗོངས་མི་དམངས་ཀྱི་འགྲོགས་བདེ་བའི་གཤིས་ཀ་དང་། སྒྱུ་རྩལ། མཛེས་ལྗོངས་སོགས་ནུབ་གླིང་དུ་ངོ་སྤྲོད་དང་མཚམས་སྦྱོར་བྱེད་འདོད་པ་ཡིན་ཟེར།ཉེ་བའི་ཆར་འདྲ་པར་དེ་རྣམས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་ཞལ་འདེབས་སུ་ཕུལ་འདུག

མོས་རང་སྒེར་ངོས་ཀྱིས་བོད་ཀྱི་སྲོལ་རྒྱུན་དང་རིག་གཞུང་། སྒྱུ་རྩལ། སངས་རྒྱས་ཆོས་ལུགས་ཀྱི་སྐུ་འདྲ་སོགས་གཅེས་ཉར་བྱེད་ཆེད།རང་ཉིད་ཀྱི་སྡོད་ཁྱིམ་ན

ང་བོད་ཀྱི་མཆོད་ཁང་ཞིག་བཟོ་བསྐྲུན་གནང་བ་དང་།མཆོད་ཁང་དེའི་ནང་གི་ཅ་དངོས་ཡོ་བྱེད་རྣམས་ལོ་ངོ་མང་བོ་ཞིག་གི་རིང་བསྡུ་རུབ་དང་ཉར་ཚགས་གནང་འདུག  ཅ་དངོས་དེ་དག་ནི།  དུས་རབས་བཅུ་གསུམ་ནས་བཅུ་དགུ་བར་བྱུང་བའི་རྩ་ཆེ་ལ་རིན་ཐང་ལྡན་པ་དག་རེད། ལྷག་པར་དུ།དུང་དང་བྱི་རི་ཡིས་ཕྲ་རྒྱན་པའི་སྟོན་པའི་སྐུ་འདྲ་དང་། དར་གོས་ལས་གྲུབ་པའི་ཐང་ག གསེར་ཟངས་ལས་གྲུབ་པའི་སྒྲོལ་མའི་ལུ་མ་སོགས་ཡོད་འདུག

ལྕམ་ཨ་ལེ་སུ་བོད་ཀྱི་མཆོད་ཁང་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་འདུག  བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་མཆོད་ཁང་འདིའི་ནང་གི་སྐུ་འདྲ་དང་ཅ་དངོས་ཡོ་བྱེད་རྣམས་ཀྱིས་མོ་ལ་དད་སེམས་འཕེལ་བ་དང་།ལུས་སེམས་གཉིས་ལ་བདེ་བ་དང་འབྲེལ་བ་ཟབ་པོ་འདུག་ཟེར།

 

སྤྱི་ལོ་༢༠༠༩་ལོར་ཁོ་མོས་བསྡུ་རུབ་ཉར་ཚགས་གནང་བའི་སྐུ་འདྲ་དང་།ཐང་ག ཅ་དངོས་རྣམས་པར་སྒྲོམ་བཟོས་ཏེ་༼བོད་ཀྱི་མཆོད་ཁང་། ཨ་ལེ་སི་ ཁཱན་སྒྲེལ་གྱི་བསྡུ་རུབ་ཀུན་བཏུས༽ཞེས་པ་ཞིག་པར་བསྐྲུན་གནང་འདུག

Posted in Uncategorized | མཆན་འདེབས།

རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཨ་རིའི་ནེའུ་ཡོག་ཏུ་ཚོགས།

སྤྱི་ལོ་༢༠༡༡་ཟླ་༡༢་ཚེས་༩་ནས་ཚེས་༡༤་བར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀོ་ལོམ་སྤི་ཡ་སློབ་གྲྭ་ཆེན་མོའི་ནང་འཚོགས་འདུག

བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དེ་ཀོ་ལོམ་སྤི་ཡ་སློབ་གྲྭ་ཆེན་མོ་དང་། ཀུན་ཕན་ཐེབས་རྩ་ཚོགས་པ། ཞང་ཞུང་སློབ་གཉེར་ཁང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་བཅས་ཀྱིས་མཉམ་རུབ་ཐོག་བཀོད་སྒྲིག་བྱས་པ་ཞིག་རེད།

བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་འདི་ལ་བོད་ཕྱི་ནང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན། རྩོམ་སྒྲིག་པ། དཔེ་རྙིང་སྲུང་སྐྱོབ་མཁན། ཚན་རིག་ལག་རྩལ་ཐོག་བོད་ཡིག་བཟོ་བཀོད་པ་སོགས་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག རིག་གནས་ཆེད་མཁས་པ་མང་བོ་ཞིག་འདུ་འཛོམས་བྱུང་བ་དང་།  རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུའི་གཙོ་འཛིན་ཆོས་རྒྱལ་ནམ་མཁའི་ནོར་བས་ཚོགས་ཞུགས་ཚོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། “ད་ལྟའི་དུས་འདིར་འཛམ་གླིང་འདི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་དཔལ་འབྱོར་དང་། དེ་བཞིན་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སྐད་ཡིག་མི་འདྲ་བའི་གྲངས་འབོར་དེ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་གསོན་ཤུགས་དེ་ཡང་ཉམས་དམས་སུ་འགྲོ་བཞིན་ཡོད།

མིག་སྔར་བོད་ཀྱི་སྐད་ཡིག་ནི་ཉེན་ཁ་ཅན་གྱི་སྐད་ཡིག་ཅིག་ཏུ་གྱུར་མེད་མོད། ཡིན་ནའང་ང་ཚོས་གོ་ལ་གཅིག་གྱུར་ཅན་དུ་འགྱུར་བཞིན་པའི་བརྒྱུད་རིམ་ཇེ་མགྱོགས་སུ་འགྲོ་བཞིན་པ་འདི་མ་ཚོར་བའམ། དེ་དང་འབྲེལ་མཐུད་ཀྱི་མཉམ་ལས་བྱེད་མ་ཐུབ་ཚེ་བོད་ཀྱི་སྐད་ཡིག་ཀྱང་ཉེན་ཁ་ཅན་གྱི་སྐད་ཡིག་ཅིག་ཏུ་འགྱུར་སྲིད།

ཚོགས་འདུ་འདི་ནི་མཉམ་ལས་ཀྱི་སྙིང་སྟོབས་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་རྩ་འཛུགས་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གོ་ལ་གཅིག་འགྱུར་གྱི་གོ་རིམ་ཁྲོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏེ། བོད་སྐད་དེ་འདྲ་མཉམ་ངང་འཛམ་གླིང་གི་འཕེལ་རིམ་ནང་དུ་ཞུགས་ཐུབ་རྒྱུ་དེ་ཡིན།

འདིར་ངས་ཁྱེད་རྣམས་ལ་བྱ་བ་ལམ་འགྲོ་ཡོང་བ་དང་ཚོགས་འདུའི་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས་བཞིན་ཡོད།” ཅེས་བཀོད་འདུག

ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དེ་ཚོགས་ཆུང་ཁག་རེ་རེ་དགོས་ཏེ་དུས་ཚོད་བཟོས་འདུག ཚོགས་ཆུང་དེ་དག་ནི། སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་དང་། སྐད་ཡིག་ཕན་ཚུན་བར་གྱི་ཤུགས་རྐྱེན། ཐ་སྙད་གསར་པ་གཅིག་འགྱུར་བཟོ་རྒྱུའི་སྐོར། ཚན་རིག་ལག་རྩལ་གསར་བའི་སྐོར། དཔེ་རྙིང་སྲུང་སྐྱོབ། བོད་ཡིག་ཕ་སྐད་མ་ཡིན་པ་ཚོར་སློབ་ཁྲིད་བྱེད་པ། རྩོམ་སྒྲིག  ཚིག་མཛོད། བརྡ་སྤྲོད་བཅས་ལ་དབྱེ་འདུག

སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་སྐོར་ལ་བགྲོ་གླེང་བྱེད་མཁན་གྱི་ཚོགས་ཆུང་གིས་བོད་ཡིག་བཀོལ་ཡུལ་གྱི་ས་གནས་དང་དུས་ཚོད་གཙིགས་སུ་བཟུང་ནས་བོད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་བརྟན་པོ་ཞིག་འཛུགས་ཐུབ་རྒྱུ་ནི་སྐད་ཡིག་འདི་གསོན་གནས་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་དང་། མ་འོངས་པར་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་རྒྱ་ཆེར་རུ་གཏོང་ཐབས་སྐོར་ལ་བགྲོ་གླེང་བྱས།

སྐད་ཡིག་ཕན་ཚུན་བར་གྱི་ཤུགས་རྐྱེན་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་བོད་དང་འདབས་འབྲེལ་གྱི་རྒྱལ་ཁབ་དབར་ལ་ཕན་ཚུན་སྐད་ཡིག་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་རྒྱུན་མི་ཆད་པར་བྱུང་ནས་སྐད་ཡིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ལོ་རྒྱུས་རིག་པ་དང་། སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཐོག་ནས། བོད་སྐད་ཀྱི་ལོ་རྒྱུས་དང་། འཕེལ་རིམ། དེ་བཞིན་འབྱུང་ཁུངས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་དང་། བོད་སྐད་དང་སྐད་ཆ་གཞན་རྣམས་བར་གྱི་འབྲེལ་བ། སྐད་ཆ་མི་འདྲ་བའི་བར་གྱི་ཤུགས་རྐྱེན། ཕན་ཚན་ཐ་སྙད་ཀྱི་ཤན་ཞུགས། མིང་ཚིག་བར་གྱི་ཁྱད་ཆོས། དེ་བཞིན་སྐད་ཆའི་རིགས་ཇི་ཡིན་ཐད་ལ་ཞིབ་འཇུག་གིས་བགྲོ་གླེང་གནང་།

ད་ལྟ་འཛམ་གླིང་གཅིག་འགྱུར་ཕྱོགས་སུ་འགྲོ་བཞིན་པའི་སྐབས་ཚན་རིག་དང་། ལག་རྩལ། ཆབ་སྲིད། མཚན་ཉིད་རིག་པ། དེ་བཞིན་སྒྱུ་རྩལ་སོགས་འཕེལ་རྒྱས་འགྲོ་བཞིན་པར་བརྟེན། འཛམ་གླིང་གི་ཚིག་མཛོད་ནང་མིང་ཚིག་སྟོང་ཕྲག་མང་བོ་གསར་སྣོན་བྱས་པ་དང་།  ཐ་སྙད་གསར་པ་གཅིག་འགྱུར་བཟོ་རྒྱུའི་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་བོད་ཡིག་ནང་གི་ཆེད་སྤྱོད་མིང་ཚིག་གསར་པ་བཟོ་རྒྱུ་དང་། དེ་དག་གཏན་འབེབ་བྱ་རྒྱུར་འཕྲད་པའི་དཀའ་ངལ་ཁག་ལ་བགྲོ་གླེང་དང་། བོད་ཡིག་བཀོལ་མཁན་གྱི་ཡུལ་གྲུ་སྤྱི་ལ་བེད་སྤྱོད་པའི་ཐ་སྙད་གསར་པ་ཁག་གཅིག་འགྱུར་བཟོ་བའི་རྒྱུད་རིམ་སྐོར་ལ་བགྲོ་གླེང་གནང་།

ཚན་རིག་ལག་རྩལ་གསར་བའི་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་ཚན་རིག་ལག་རྩལ་གྱི་འཕྲུལ་ཆས་གློག་ཀླད་(ཀམ་པུ་ཊི)་དང་། ལག་འཁྱེར་ཁ་པར། དྲ་རྒྱ་ཐོག་བོད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་གསར་བསྐྲུན་དང་། བོད་ཡིག་འབྲི་སྐབས་འདོགས་བརྩེགས་ལ་དཀའ་ངལ་ཡོད་པ་སེལ་ཐབས། བོད་ཡིག་གཅིག་འགྱུར་གྱི་ཡིག་གཟུགས་བེད་སྤྱོད་གནང་ཐུབ་རྒྱུ། བོད་ཡིག་ཞིབ་དག ཚིག་མཛོད་གསར་གཏོད་སོགས་ཀྱི་ཐད་བགྲོ་གླེང་གནང་།

ཁ་བ་གངས་ཅན་བོད་ནི་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བོད་ཡིག་ཐོག་ཡོད་པའི་དཔེ་རྙིང་མང་ཤོས་ཀྱི་གནས་ཤིག་ཡིན་ལ། དུས་ཀྱི་དར་རྒུད་དང་། ཆབ་སྲིད་ཀྱི་འཕོ་འགྱུར། ཕྱིའི་བཙན་འཛུལ་གྱིས་གནས་སྟངས་འོག དཔེ་རྙིང་མང་པོ་ཞིག་གཏོར་བརླག་དང་རྩ་ཡལ་ཏུ་གྱུར་ཡོད། དཔེ་རྙིང་སྲུང་སྐྱོབ་སྐོར་ལ་བགྲོ་གླེང་གནང་མཁན་ཚོས་དེང་གི་བོད་ཀྱི་དཔེ་རྙིང་གནས་སྟངས་སྐོར་དང་། སྲུང་སྐྱོབ་བྱས་པའི་ལས་ཀའི་གོ་རིམ་དང་། ཐབས་ཤེས་ཀྱི་ལེགས་ཆ་རྣམས་ལ་དམིགས་འདོན་བྱས་ནས་དཔེ་རྙིང་སྲུང་སྐྱོབ་གནང་མཁན་བར་ལ་ཕན་ཚུན་གོ་རྟོགས་དང་མཉམ་འབྲེལ་སྤེལ་ཐབས་བྱེད་རྒྱུའི་སྐོར་ལ་བགྲོ་གླེང་གནང་།

བོད་ཡིག་ཕ་སྐད་མ་ཡིན་པ་ཚོར་སློབ་ཁྲིད་བྱེད་སྟངས་སྐོར་ལ་བགྲོ་གླེང་ཚོགས་ཆུང་གིས་མི་རིགས་གཞན་པ་ལ་བོད་ཀྱི་ཡིག་གེ་སློབ་ཁྲིད་བྱེད་སྐབས་ཀྱི་ཐབས་ལམ་སྐོར་དང་། བོད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སློབ་དེབ་ཕྱོགས་བསྒྲིགས་བྱེད་སྟངས་སྐོར་ལ་བགྲོ་གླེང་གནང་།

དེ་བཞིན་དུས་དེབ་དང་གསར་འཕྲིན་སོགས་རྩོམ་སྒྲིག་བྱེད་སྟངས་དང་ཐབས་ལམ་སྣ་ཚོགས། ལམ་སྟོམ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱེད་མཁན་གྱིས་བོད་ཀྱི་སྐད་ཡིག་བགྲོ་གླེང་གི་ཚོགས་འདུ་ཞོར་དུ་བོད་ཕྱི་ནང་གི་གླུ་བ་ཁག་ཅིག་གདན་འདྲེན་གྱིས་གླུ་གར་རོལ་ཚོགས་ཤིག་བཀོད་སྒྲིག་གནང་བ་དང་། དེར་ནུབ་གླིང་ནང་གནས་སྡོད་བོད་མི་དང་། བོད་ཀྱི་རིག་གཞུང་ལ་དགའ་སྣང་ཡོད་པའི་མི་རིགས་མང་པོ་ཕེབས་ཞུགས་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་༡༩༨༧་ལོར་རྒྱ་གར་ནང་འཚོགས་པ་དང་། རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་༡༩༩༢་ལོར་ཨི་ཊཱ་ལི་ནང་འཚོགས་འདུག

Posted in Uncategorized | མཆན་འདེབས།

ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱིས་བཀའ་བློན་ཁྲི་བ་གསོལ་ཚུགས་དྲངས།

སྤྱི་ལོ་༢༠༡༡་ཟླ་༡༡་ནང་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་དང་ཀིརྟི་རིན་པོ་ཆེ་གཉིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ཏུ་ཕེབས་པ་དང་། རྒྱལ་སའི་མངའ་ཁུལ་བོད་རིགས་མཐུན་ཚོགས་ཀྱིས་རྣམ་པ་གཉིས་ལ་གསོལ་ཚུགས་ཤིག་དྲངས།

གསོལ་ཚིགས་འདིའི་ཐོག་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་ནེའུ་ཡོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་བློ་བཟང་སྙནགྲགས་རྣམས་གཉིས་ཀྱང་ཕེབས་འདུག གསོལ་ཚུགས་འདི་ནི་ནུབ་གླིང་ནང་གནས་སྡོད་བོད་མིས་བཀའ་བློན་ཁྲི་བ་དང་ཀིརྟི་རིན་པོ་ཆེ་གཉིས་ལ་གཞུང་འབྲེལ་ཐོག་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་ཏུ་ཕེབས་པར་ཆེ་བསྟོད་དང་འཚམས་འདྲི་ཆེད་ཕུལ་བ་ཞིག་རེད།

གསོལ་ཚུགས་སྐབས་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་རྣམ་པ་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཁ་བཏགས་ཕུལ། ཁོང་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ཆེད་ནུས་པ་གང་ཡོད་འདོན་པ་དང་།     བོད་ཀྱི་གོམས་སྲོལ་རྒྱུན་འཛིན་བྱེད་པ། བོད་མིའི་དམ་ཚིག་རྡོག་རྩ་ཆིག་སྒྲིལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འདིར་འཚར་ལོངས་འབྱུང་བའི་བྱིས་པ་ཚོ་བོད་ཡིག་གི་འཛིན་གྲྭ་ཚོགས་པ་སོགས་ལས་འཆར་རྣམས་བཀའ་ཁྲི་མཆོག་དང་ཀིརྟི་རིན་པོ་ཆེ་གཉིས་ལ་ངོ་སྤྲོད་གནང་།

བཀའ་ཁྲི་བློ་བཟང་སེང་གེ་ཡིས་གསོལ་ཚུགས་ཐོག་ཕེབས་པའི་བོད་མི་ཚོ་གཏམ་བཤད་གནང་དོན། ད་ཐེངས་གཞུང་འབྲེལ་ཐོག་ཨ་རིའི་ནང་ཡོང་བ་ཐོག་མ་ཡིན་ལ། གྲོས་ཚོགས་ནང་བོད་དོན་ཉན་ཞིབ་དང་། བོད་དོན་ཐོག་ཨ་རི་གཞུང་ངོས་ནས་རྒྱབ་སྐྱོར་གནང་དགོས་པར་ནན་བརྗོད་བྱས་ཡོད། དེ་མིན་གྲོས་ཚོགས་ཚོགས་མི་གསར་བ་ཁ་ཤས་ཡང་ཐུག་འཕྲད་ཀྱིས་བོད་དོན་ཆེད་འབྲེལ་མཐུད་ཡོང་བར་བཟོས་ཡོད། གང་ལྟར་མཛད་རིམ་རྣམས་ལམ་ལྷོང་བྱུང་ཡོད་པ་སོགས་དང་། འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་ང་རང་བཀའ་བློ་ཁྲི་བ་ལངས་སྐབས་རྒྱབ་སྐྱོར་བྱས་ཡོད་ལ། དེ་བཞིན་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་བོད་བསྟན་པ་ཆབ་སྲིད་དོན་དུ་ཧུར་ཐག་བྱེད་རྒྱུ་དམ་ཅ་ཕུལ་བ་ལྟར་མུ་མཐུད་དུ་འབད་པ་བྱེད་རྒྱུ་ཆོད་སེམས་ཡོད། བོད་ཀྱི་འཐབ་རྩོད་ནི་མི་གཅིག་གིས་སེལ་དཀའ་བ་ཞིག་མིན་སྟབས།   ཚང་མས་མཉམ་རུབ་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་།

Posted in Uncategorized | མཆན་འདེབས།