Category Archives: གསར་འགྱུར།

༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁཱ་ནཱ་སྒྲའི་སྲིད་བློན་ཧཱར་ཕེར་དང་མཇལ་འཕྲད།

སྤྱི་ལོ་༢༠༡༢་ཟླ་༤་ཚེས་༢༧་ཉིན་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁཱ་ནཱ་སྒྲའི་སྲིད་བློན་སི་ཊེ་ཧྥེན་ ཧཱར་ཕེར་Stephen Harperདང་ལྷན་གྲོས་ཚོགས་ཁང་དུ་ཁོང་གི་སྒེར་གྱི་གཞུང་ལས་ཁང་དུ་མཇད་འཕྲད་གནང་སྟེ་དུས་ཡུན་སྐར་མ་ཉི་ཤུ་ལྷག་ལ་བཀའ་མོལ་གནང་ཡོད་པ་རེད། ཐེངས་འདིའི་མཇལ་འཕྲད་སྐོར་ལ་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཀྱིས་གསར་ལམ་ཁག་ཏུ་གསུངས་དོན།  “༧སྐྱབས་མགོན་རིན་པོ་ཆེ་དང་སྲིད་བློན་གཉིས་ཀྱི་མཇལ་འཕྲད་ཧ་ཅང་མཉེས་པོ་དང་ཡག་པོ་བྱུང་སོང་།  ཉེ་སྔོན་རྒྱ་གཞུང་དཔོན་རིགས་ཤིག་གིས་སྲིད་བློན་ཧཱར་ཕཱེར་གཙོས་པའི་ཁཱ་ནཱ་སྒྲའི་དཔོན་རིགས་ཚོས་༸གོང་ས་མཆོག་ལ་མཇལ་འཕྲད་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་ཀྱང་།  སྲིད་བློན་མཆོག་གིས་རང་ཉིད་ཀྱི་ལངས་ཕྱོགས་གསལ་འདོན་གནང་སྟེ་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་འདིས།ཁཱ་ནཱ་སྒྲ་གཞུང་གིས་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པ་མཚོན་ཡོད།” ཅེས་འགྲེལ་བརྗོད་བྱས། འདི་ནི་སྲིད་བློན་ཧཱར་ཕཱེར་ལགས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག      དེ་མིན། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༩བར་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ ་པ་འཚོགས་བཞིན་པ་ལྟར།  ༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་གསུང་བཤད་གནང་ཡོད་པ་དང་།ཚོགས་ཆེན་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རེ་ཆཱར་སྒེར་སོགས། འཛམ་གླིང་རྒྱལ་ཁབ་ཁག་༣༠ལྷག་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་ ༥༠ ཙམ་དང་། དེ་བཞིན། བོད་ཀྱི་བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་ཁག་ཅིག  སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོ་བྱས་པའི་སྤྱི་འཐུས་ཁག་ཅིག་བཅས། བོད་མི་ ༦༠་ཙམ་ཚོགས་ཐོག་ཏུ་འདུ་འཛོམས་བྱུང་ཡོད་འདུག

Posted in གསར་འགྱུར། | མཆན་འདེབས།

ནུབ་གླིང་ནང་འཛམ་གླིང་འགུལ་སྐྱོད་ཀྱི་ཉིན་མོ་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ།

ནུབ་གླིང་དུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་རང་ཉིད་གཏན་སྡོད་བྱེད་སའི་རང་དབང་རྒྱལ་ཁབ་ནང་བོད་ནང་རང་ལུས་མེ་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་པར་མཚམས་འཇོག འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པའི་འབོད་སྐུལ་སོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད། སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་དང་ཆབས་ཅིག་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་གསུངས། དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དང་ཧཕ་རན་སིའི་རྒྱལ་ས་ཕ་རི་སི། བྷེལ་རྗེམ་གྱི་རྒྱལ་ས་སྤར་སིལ། ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་སིན་སྒྲིན་ནིའི་སོགས་རྒྱལ་ཁབ་མང་པོའི་ནང་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱས་འདུག ཟླ་ ༡༡ ཚེས་ ༢ ཉིན་བྱང་ཨ་རིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག༼འབར་བཞིན་པའི་བོད། འཛམ་གླིང་འགུལ་སྐྱོད་ཀྱི་སྐད་འབོད།༽ ཅེས་པ་ཞིག་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་འགོ་འཛུགས་བྱས་པ་དང༌། ཞི་རྒོལ་འདིར་ཨ་རིའི་མངའ་སྡེ་མང་པོ་ཞིག་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་མཉམ་ཞུགས་གནང་ཡོད་ལ། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་ རྒྱ་ནག་གིས་བཙན་གནོན་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་པ་དང༌། འདས་པའི་ཟླ་ཁ་ཤས་ནང་བོད་མིས་རང་སྲོག་བློས་བཏང་གིས་ངོ་རྒོལ་གནང་ཡོད། འདིར་ང་ཚོས་བཙན་བྱོལ་ནང་ཁོ་ཚོར་མྱ་ངན་གུས་འདུད་དང༌། བོད་རང་དབང་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་འཛམ་གླིང་མི་མང་ལ་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཤེས་རྟོགས་ཐུབ་ཆེད་འཛམ་གླིང་འགུལ་སྐྱོད་ཀྱི་སྐད་འབོད་བྱེད་བཞིན་ཡོད་ ཅེས་འཁོད་འདུག དེ་ནས་གོམ་བགྲོད་པ་རྣམས་ཀྱིས་སྐད་འབོད་གནང་བཞིན་རྒྱ་ནག་གཞུང་ཚབ་མདུན་ནས་འགོ་འཛུགས་ཀྱིས་ཕོ་བྲང་དཀར་པོའི་བར་གོམ་བགྲོད་བྱས་ཡོད་པ་རེད།

Posted in གསར་འགྱུར། | མཆན་འདེབས།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་ལ་མཇལ་འཕྲད།

    ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱིས་ཐེངས་གཉིས་པའི་མཇལ་འཕྲད་སྐར་མ་ ༤༥ ཙམ་ལ་བཀའ་མོལ་གནང་བའི་སྐབས་སྲིད་འཛིན་ཨོ་བྷ་མས་ྋགོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་བའི་བཞེད་ཕྱོགས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་བསྟན་ཡོད་པ་དང༌། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་བསྐྱར་དུ་གསུངས་ཡོད་པར་མ་ཟད། ལྷག་པར་དུ་ྋགོང་ས་མཆོག་གིས་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་མཛད་པ་དེ་ནི་ཧ་ཅང་གི་རླབས་ཆེན་ཞིག་རེད་ལ། ང་ཚོས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་ཐོག་མུ་མཐུད་ཕྱག་ལས་གནང་བར་གུས་བརྩི་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་དང༌། ཡང་སྲིད་འཛིན་མཆོག་གང་ཉིད་ཀྱིས་དབུས་པའི་ཨ་རིའི་གཞུང་གི་གནད་ཡོད་མི་སྣ་ཚོ་རྒྱ་ནག་གཞུང་གི་མི་སྣ་དང་མཇལ་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་སྐོར་ཤུགས་ཆེན་པོ་བཤད་ཡོད་ལ། འབྱུང་འགྱུར་་ཡང་དེ་ལྟར་མུ་མཐུད་ཤོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་མི་སེར་རྒྱལ་ཁབ་ཀྱི་སྲིད་དོན་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་སྐུ་ཚབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཇོན་བྷོ་ཨེ་ནར་མཆོག་གིས་ཨ་རིའི་གྲོས་ཚོགས་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་་གྲོས་ཚོགས་འཐུས་མི་བདུན་ལ་མཇལ་འཕྲད་གནང་སྐབས་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཐད་བ ཀའ་མོལ་གནང་ཡོད་ལ༌། འཐུས་མི་ཚོས་ཁོང་གི་འཚེ་མེད་ཞི་བདེའི་དགོངས་པ་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། ཚོགས་གཙོ་མཆོག་གིས་གསར་འགོད་པ་ཚོར་ྋགོང་ས་མཆོག་ས་གནས་གང་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་པ་ཡིན་ན་ཁོང་གིས་སྐུ་་ངལ་ཁྱད་བསད་ཀྱིས་བྱམས་བརྩེ་དང་བཟོད་བསྲན། འཚེ་བ་མེད་པ། དྲང་བདེན། རང་དབང་སོགས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་ཐུགས་བརྩོན་གནང་གི་ཡོད་པ་སོགས་ཀྱི་མཛད་རྗེས་ལ་རིན་ཐང་གཙིགས་ཆེར་འཛིན་མཁན་ཨ་རིའི་རྒྱལ་ཁབ་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། བོད་མི་ཚོར་རྒྱབ་སྐྱོར་ཆོད་སེམས་ཀྱིས་སྲིད་དོན་ཚོགས་པ་གཉིས་གྲོས་ཚོགས་ཚོགས་ཁང་ནང་མཉམ་འཛོམས་ཐུབ་པ་བྱུང་ཡོད། འབྱུང་འགྱུར་ཡང་ཆབ་སྲིད་ཚོགས་པ་གཉིས་མཉམ་རུབ་ཀྱིས་དུས་ཡུན་ཇི་ཙམ་འགོར་མིན་ལ་མ་ལྟོས་པར་བོད་མིའི་རྩ་དོན་བསྒྲུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་ཐུབ་པའི་རེ་བ་གནང་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

Posted in གསར་འགྱུར། | མཆན་འདེབས།