༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་༢༠༡༡་ལོའི་འཛམ་གླིང་ཞི་བདེ་ཆེད་དུས་འཁོར་དབང་ཆེན།

ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར།    ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཞིན་ཊོན་དུ་ཆིབས་བསྒྱུར་གྱིས་ཟླ་༧་ཚེས་༦ཉིན་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་བརྩི་སྲུང་དང་འཛམ་གླིང་ཞི་བདེའི་ཆེད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཅིག་པ་ཉིན་བཅུ་གཅིག་ལ་གནང་ཡོད་འདུག

རྒྱལ་སའི་མངལ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱིས་དུས་འཁོར་དབང་ཆེན་གྱི་དམིགས་ཡུལ་དང་།   དགོས་བ་བཅས་ཀྱི་སྐོར་ལ་གནས་ཚུལ་གསུངས་པར། “རྒྱལ་སའི་གནས་འཁོད་བོད་རིགས་སྤྱི་དང་།   བྱང་ཨ་རིའི་བོད་མི་རྣམས།    དེ་བཞིན་སོག་རིགས་དང་ཁལ་མུག   ཧི་མ་ལ་ཡ་རི་བརྒྱུད་མི་མང་བཅས་ལག་རྡང་མཉམ་འབྲེལ་གྱིས་བྱང་ཨ་རི་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ནང་པའི་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་ལས་དོན་འདི་གཉེར་གྱི་ཡོད།    སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཕན་བདེའི་སླད་བྱམས་བརྩེའི་རིན་ཐང་དང་རིས་མེད་ཆོས་ལུགས་གྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་ལ་ཟབ་ཡངས་དཀྱེལ་ཆེའི་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་ཆ་ཤས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གོ་སྒྲིག་ཞུ་རྒྱུ་དེ་དུས་དང་གནས་སྐབས་གང་གི་ཆ་ནས་རིན་ཐང་ཅན་ཞིག་ཡིན་པར་ང་ཚོར་ཡིད་ཆེས་བྱུང་།” ཞེས་དང་། དུས་འཁོར་དབང་ཆེན་གསུང་ཡུལ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་བདམས་དགོས་པའི་སྐོར་ལ།   “ ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནང་བྱུང་བའི་འགྱུར་བའི་གནས་ཚུལ་མང་པོས་རྒྱལ་ཁབ་འདི་དང་འཛམ་གླིང་ཡོངས་ལ་གནས་པའི་མི་དུང་ཕྱུར་མང་པོའི་མི་ཚེའི་འགྲོ་འདུག་ལ་ཕན་གནོད་ཡོང་གི་ཡོད་པ་དང་།  སྤྱི་ལོ་༢༠༡༡ལོའི་འཛམ་གླིང་ཞི་བདེ་ཆེད་དུས་འཁོར་དབང་ཆེན་དེ་གལ་ཆེའི་གྲོང་ཁྱེར་འདིར་གོ་སྒྲིག་བྱས་པ་ཡིན། ” ཟེར།

ཐེངས་འདིའི་དུས་འཁོར་དབང་ཆེན་ལ་མི་རིགས་སྣ་འདུས་ཉིས་ཁྲི་ཙམ་འཛོམས་འདུག་ལ། དུས་འཁོར་དབང་ཆེན་ཞུ་སའི་འཁྲིས་དེ་བོད་ཀྱི་ཁྲོམ་ར་ཞིག་ཆེད་མངགས་གོ་སྒྲིག་གིས་བོད་མི་མང་བོ་ཞིག་གིས་བོད་ཀྱི་ཅ་དངོས་དང་། ལྷ་སྐུ།  འདྲ་པར་སོགས་བཙོང་བ་དང་། རྒྱལ་སའི་གྲོང་ཁྱེར་འདིའི་སྲང་ལམ་དང་ཟ་ཁང་། ཚོང་ཁང་ནང་བོད་ཀྱི་གྲ་བ་དང་། བོད་ལྭ་གྱོན་པའི་བོད་མི་གང་སར་མཐོང་རྒྱུ་འདུག་སྟབས་ཉིན་འདི་དག་ལ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནི་ནུབ་གླིང་ནང་བོད་ཀྱི་གྲོང་ཁྱེར་ཞིག་ཏུ་མངོན།

Posted in Uncategorized | མཆན་འདེབས།

བོད་རང་བཙན་གོམ་བགྲོད་པ་འཇིགས་མེད་ནོར་བུའི་མཉམ་དུ་ཉིན་གཅིག་གི་གོམ་བགྲོད།

སྤྱི་ལོ་ ༢༠༡༡་ཟླ་༢་ཚེས་༡༤་ཉིན་བོད་རང་བཙན་གོམ་བགྲོད་པ་འཇིགས་མེད་ནོར་བུས།   ཨ་རིའི་ཧྥུ་ལོ་རཱ་སྒྲ་མངའ་སྡེའི་ནང་མཱ་ལེ་༣༠༠ ཡི་ “བོད་རང་བཙན་གོམ་བགྲོད་”ལས་འགུལ་འགོ་བཙུགས་པའི་ཉིན་དེ་མཱོ་ཊ་ཞིག་གིས་བརྡབ་སྐྱོན་བྱུང་སྟེ་སྐུ་གྲོངས་འདུག   གནས་ཚུལ་འདི་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནང་ཐོན་པ་དང་། བོད་མི་མང་པོ་ཞིག་མྱ་ངན་དང་གདུང་སེམས་ཀྱིས་མནར།      ཁོང་ནི་ལོ་ན་༤༥་རེད།  གནས་ཚུལ་འདི་རང་ཉིད་ལ་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར།

སྤྱི་ལོ་༢༠༠༩་ལོའི་ཟླ་༦་པའི་ཚེས་༢༡་ཉིན་རང་བཙན་གོམ་བགྲོད་པ་འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་གཉིས་བོད་རང་བཙན་ཆེད་གོམ་བགྲོད་བྱས་ཏེ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་ཉེ་འཁྲིས་སུ་སླེབས།

རྒྱལ་སའི་ས་ཁུལ་དུ་གནས་སྡོད་བོད་མི་ཚོས་གནས་ཚུལ་འདི་ཐོས་འཕྲལ། བོད་རང་བཙན་གོམ་བགྲོད་པ་ཁོང་གཉིས་ལ་རྒྱབ་སྐྱོར་དང་།   བསུ་མ་བྱེད་ཆེད།       བོད་མི་གང་འཚམ་ཞིག་རྣམ་པ་གཉིས་དང་ལྷན་དུ་ཉིན་གཅིག་གི་གོམ་བགྲོད་ལ་ཕྱིན། ང་ཚོ་ཝ་ཞིན་ཊོན་ནས་མཱ་ལེ་བཅོ་ལྔ་ཡི་ལམ་ཁ་ཞིག་ཏུ་བོད་རང་བཙན་གོམ་བགྲོད་པ་གཉིས་དང་ཐུག་འཕྲད་བྱུང་།  ང་ཚོ་རྒྱབ་སྐྱོབ་དང་བསུ་མ་བྱེད་མཁན་ཚོས་རྣམ་པ་གཉིས་ལ་བོད་ཀྱི་ལུགས་སྲོལ་ལྟར་ཁ་བཏགས་འཐེན་ཏེ་འཚམས་འདྲི་བྱས་པ་ཡིན། རྣམ་པ་གཉིས་ཀྱི་གདོང་རིས་ལས་ལམ་བར་དཀའ་ཚེགས་མང་པོ་ཞིག་བརྒྱུད་ཡོད་པ་རྟོགས་ཐུབ།  འཇིགས་མེད་ནོར་བུའི་གདོང་ནི་ཉི་འོད་དང་རླུང་གིས་གཙེས་པའི་རྐྱེན་གྱིས་དམར་ཞིང་ནག་ལ།  དབུ་སྐྲ་སྟུག་པོ་སྟེ་གཟེང་ཞིང་ཐོར་འདུག  དབང་ཕྱུག་རྡོ་རྗེ་ཡིས་ཞྭ་མོ་ཞིག་བསྣབས་འདུག  མིག་རས་ཅུང་ལྐོག་ཏུ་སོང་ཞིང་གདོང་པ་ནག་པོ་གྱུར་བ།  ཁ་སྤུ་དཀར་ཤེད་ཆེ་བ་དེས། ཁོང་ནི་ལོ་ན་དྲུག་ཅུའི་ནང་སླེབས་ཡོད་པའང་རྟོགས་ཐུབ།

༧གོང་ས་རྒྱལ་བ་རིན་པོ་ཆེའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་ཆུང་ཤོས་འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་གཉིས་ཨ་རིའི་མངའ་སྡེ་ཨིན་སྒྲའི་ཡཱ་ན་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བར་ལམ་ཐག་མཱ་ལེ་༩༠༠་ཡི་“བོད་རང་བཙན་ཆེད་གོམ་བགྲོད་”ཀྱི་ལས་འགུལ་འདི་གནང་བཞིན་པ་རེད་འདུག     ཉིན་འདིའི་གནམ་གཤིས་ཤིན་ཏུ་ཡག་ལ་རླུང་གིས་བསྐྱོན་པའི་བོད་ཀྱི་རྒྱལ་དར་ནི་གསལ་ཞིང་དྭངས་པའི་ཉི་འོད་ཁྲོད་ཆེས་གཟི་མདངས་ལྡན་པ་ཞིག་རེད།

ང་ཚོས་བོད་རང་བཙན་གོམ་བགྲོད་པ་གཉིས་དང་ལྷན་དུ་ཕྲེད་དར་དང་། བོད་ཀྱི་དར་ཆ་བསྒྲེངས་པ། སྐད་འབོད་གོམ་བགྲོད་ཀྱིས་ཨ་རིའི་རྒྱལ་སའི་ནང་གལ་ཆེ་བའི་གཞུང་གི་ལས་ཁང་ཁག་བརྒྱུད་དེ་ཕྱིན་པ་ཡིན།

ཉིན་གཅིག་གི་གོམ་བགྲོད་འདི་བརྒྱུད་དེ་འཇིགས་མེད་ནོར་བུ་དང་ལྷན་དུ་གཏམ་གླེང་བྱེད་རྒྱུ་བྱུང་།   ཁོང་ལ་བོད་དུ་ཕེབས་ཡོད་མེད་བཀའ་འདྲི་བྱས་པ་ན་ཁོང་གིས་གསུང་དོན་ “ཉེ་ཆར་འགྲོ་མྱོང་མེད།  ང་རང་ཆུང་དུས་ཡབ་དམ་པ་དང་ལྷན་དུ་ང་ཚོ་ནང་མི་ཚང་མ་བོད་དུ་ཕྱིན་པ་རེད།   ང་ཚོ་པཎ་ཆེན་རིན་པོ་ཆེ་སྐུ་གོང་མར་མཇལ་བ་དང་། ངའི་ཡབ་དམ་པ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱིས་བཀའ་མོལ་གནང་དུས།      ཕན་ཚུན་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་མ་རེད། དེ་ད་དུང་ངའི་མིག་ལ་གསལ་པོ་འཆར་གྱིན་འདུག ངའི་ཡབ་དམ་པས་ཤོག་བུ་ཐོག་ཡི་གེ་བྲིས་དེ་རྣམ་པ་གཉིས་ཀྱིས་ཤོག་བུ་ཐོག་བཀའ་མོལ་གནང་བ་རེད། ང་རང་སེམས་པ་ཧ་ཅང་སྐྱོ་སོང་།       དེ་འདྲའི་ཞེ་སྣང་དང་བཙན་གནོན་འོད་བོད་མི་ལྷག་ཡོད་པ་རེད།” ཅེས་ཟེར།

གནས་ཚུལ་འདིས་རང་བཙན་གོམ་བགྲོད་པ་ཁོང་ལ་བག་ཆགས་ཤུགས་ཆེན་ཞིག་ཐེབས་འདུག དམིགས་བསལ་ཁོང་གི་ཡབ་སྟག་འཚེར་རིན་པོ་ཆེ་སྐུ་གཤེགས་རྗེས།     ཡབ་དམ་པའི་རླབས་ཆེན་གྱི་དགོངས་གཞི་“བོད་རང་བཙན་ཆེད་གོམ་བགྲོད”ཀྱི་ལས་འགུལ་བྱ་བཞག་འདི་མཇུག་སྐྱོང་རྒྱུ་དམ་བཅའ་བརྟན་པོ་བཞག་འདུག

ཉིན་འདིའི་གོམ་བགྲོད་དེ་ཝ་ཞིན་ཊོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྣམ་པ་གཉིས་ཀྱིས་གཏམ་བཤད་དང་བཅས་མཇུག་བསྡུས་སོང་། འཇིགས་མེད་ནོར་བུས་གསུང་དོན་ “རྒྱལ་སའི་ས་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམས་འདིར་ཕེབས་ཏེ་ངེད་གཉིས་ཀྱི་གོམ་བགྲོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། གོམ་བགྲོད་བྱེད་སྐབས་ལམ་བར་ནས་འཕྲད་པའི་དཀའ་ངལ་ནི། བོད་ནང་བོད་མིའི་སྡུག་བསྔལ་དང་བསྡུར་ན་ཅི་ཡང་མ་རེད། ང་ཚོར་བོད་རང་བཙན་དགོས།  བོད་རང་བཙན་ཐོབ་པར་ཡིད་ཆེས་ཡོད།       བོད་ནང་གི་བོད་མི་ཚོས་བོད་རང་བཙན་ཆེད་རང་ཉིད་ཀྱི་སྲོག་བློས་བཏང་ཡོད།  ང་ཚོ་རང་དབང་ལུང་པར་གནས་པའི་བོད་མི་ཚོས་གང་ནུས་ཅི་ཐུབ་ཀྱི་ལས་འགུལ་སྤེལ་དགོས།…”ཁོང་གི་སེམས་ཤུགས་འབར་བའི་སྐད་སྒྲ་དེས་ང་ཚོའི་སེམས་པ་གྲང་ཤུར་ཤུར་བཟོས་པ་དང་། ནུབ་གླིང་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་མང་པོ་ཞིག་ལ་སེམས་འགུལ་དང་སྐུལ་མ་ཡང་ཐེབས་ཡོད་ངེས།    ཉིན་འདིའི་གོམ་བགྲོད་དང་གཏམ་གླེང་ནི་སེམས་ནང་དུས་གཏན་དུ་གསལ་བའི་རང་བཙན་གོམ་བགྲོད་པ་ཁོང་གི་སྣང་བརྙན་ཐ་མ་དེ་རེད།

 

Posted in Uncategorized | མཆན་འདེབས།

སྙིང་གི་ཚི་ལི་སྐོར་ལ་འདུ་འཛོམས།

      སྤྱི་ལོ་༢༠༡༡་ཟླ་༢་ཚེས་༡༡་ཉིན་གྱི་དགོང་དྲོ་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ།   བོད་ཀྱི་རྩོམ་རིག་གི་ཡིག་ཆཁག་དང་། ལོ་རྒྱུས་ཀྱི་ཡིག་ཆ། དེ་བཞིན་ཕོ་མོའི་མཛའ་གཞས་སོགས་དཔྱད་ གཞིར་བཅོལ་ནས་བོད་ཀྱི་རིག་གཞུང་ནང་ལ་ཕོ་མོའི་བརྩེ་དུང་དང་འདོད་པའི་རྣམ་འགྱུར་སྟོན་སྟངས་ཀྱི་སྐོར་ལ་བགྲོ་གླེང་ཞིག་དེ་གའི་དཔེ་མཛོད་ཁང་གི་འགན་འཛིན་པད་མ་འབུམ་གྱིས་གཙོ་སྐྱོང་འོག ‘སྙིང་གི་ཚི་ལི་’ ཞེས་བའི་འདུ་འཛོམ་ཞིག་བཀོད་སྒྲིག་གནང་འདུག        

       དེ་ལ་འཛོམས་པའི་ཕྱོགས་མཐའ་ནས་ཡོང་བའི་སྐུ་མགྲོན་ཚོས།    དངོས་བྱུང་དང་རྟོག་བཟོ་བྱས་པའི་བརྩེ་དུང་གི་གཏམ་རྒྱུད་དང་། དུང་སེམས་དང་སྐྱོ་སྣང་གི་གླུ་གཞས། དེ་བཞིན་བརྩེ་དུང་གི་མཛའ་འཕྲིན་སྤེལ་སྟངས་དང་དེའི་གོ་རིམ་སོགས་ངོ་སྤྲོད་གནང་བ། བརྩེ་འཕྲིན་ཀློག་པ། སྙན་ངག་གྱེར་འདོན་བྱེད་པ།དམངས་ཁྲོད་ཀྱི་བརྩེ་བ་དབྱངས་ལ་གུག་ནས་ལ་གཞས་གཏོང་བ་སོགས། དེང་རབས་ལ་ཕྱོགས་ཤིང་། རྣམ་པ་མ་འདྲ་བའི་ཁྱད་ཆོས་ལྡན་པའི་འདུ་འཛོམ་དམིགས་བསལ་དང་སྤྲོ་སྣང་འཕེལ་བ་ཞིག་བྱས་འདུག

   འདུ་འཛོམ་འདིའི་ཐོག་བོད་སྐད་སྨྲ་བའི་ཕྱི་རྒྱལ་བ་ཁ་ཤས་ཀྱིས་བོད་ཀྱི་ཡིག་ཐོག་སྙན་ངག་ཀློག་པ་ནི་ཉན་སྤྲོ་བ་ཞིག་དང་། བོད་སྐད་ཐོག་མེད་བཤད་པ་དེ་ནི་ངོ་མཚར་བ་ཞིག་ཀྱང་རེད།  ཚོགས་འདུ་དེར་ད་དུང་མཛའ་འཕྲིན་འགྲན་བསྡུར་གྱི་ལས་འགུལ་སྤེལ་ནས་མཐའ་མར་སྙིང་གི་ཚི་ལི་ཞེས་བའི་བརྗོད་གཞིའི་ཐོག་གྱེར་འདོན་བྱས་བའི་བརྩེ་འཕྲིན་དང་། སྙན་ངག་ལ་ཨང་རིམ་ལྟར་བྱ་དགའ་སྤྲད། ཨང་དང་པོ་གངས་དཀར་རྒྱལ་སྲས་དང་། ཨང་གཉིས་པ་བློ་བཟང་རབ་རྒྱས།  ཨང་གསུམ་པ་ཚེ་རིང་སྐྱིད་བཅས་ལ་ཐོབ་འདུག སྙིང་གི་ཚི་ལི་ཞེས་བའི་འདུ་འཛོམ་འདི་དྲ་རྒྱ་བརྒྱུད་འཛམ་གླིང་གང་སར་གནས་པའི་བོད་མི་དོ་སྣང་ཅན་ཚོས།  ཐད་ཀར་ལྟ་ཉན་བྱེད་ཐུབ་པ་མ་སྲིད་རང་ཉིད་ཀྱིས་བསམ་ཚུལ་ཡང་བརྗོད་ཆོག

             ལ་རྩེ་དཔེ་མཛོད་ཁང་གིས་འདི་དང་འདི་འདྲ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་དང་འདུ་འཛོམས་མང་པོ་གནང་བ་དང་།   ལྷག་པར་དུ་བོད་ནང་གི་སྒྱུ་རྩལ་མཁན་དང་།   སྙན་ངག་པ།     རིག་གནས་ཆེད་མཁས་བ་གདན་འདྲེན་གྱིས་ནུབ་གླིང་དུ་ཡོད་པའི་བོད་མི་དང་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པའི་ཕྱི་རྒྱལ་མི་རིགས་འདྲ་མིན་ལ་གཟིགས་འབུལ་དང་།   བགྲོ་གླེང་། ཉམས་ཞིབ་ལ་ཕན་པའི་གོ་སྐབས་མང་བོ་ཞིག་བསྩལ་དང་སྩོལ་བཞིན་པ་རེད།

      ལ་རྩེ་དཔེ་མཛོད་ཁང་ནི་ནུབ་གླིང་གི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་དུ་བོད་ཀྱི་རིག་གནས་སྒྱུ་རྩལ་སྐོར་ལ་རིག་པའི་དཔྱད་ཞིབ་དང་། བོད་ནང་གི་དེང་དུས་ཀྱི་དཔེ་ཆ་འདྲ་མིན་ཞིག་ཐོན་པ་ལྟ་ཀློག་བྱེད་ཐུབ་སའི་བོད་ཀྱི་རིག་གནས་ཁང་།ནུབ་གླིང་དུ་ཆགས་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གཏེར་མཛོད་ཁང་ཅིག་ཡང་རེད།

   ཨ་རིའི་གྲོང་ཁྱེར་ནེའི་ཡོག་འདིའི་ནང་བོད་མི་ལྔ་སྟོང་ཙམ་གནས་སྡོད་བྱས་ཡོད་ལ།  བོད་ཀྱི་རིག་གནས་དང་རྩོམ་ཡིག་ལ་དོ་སྣང་ཅན་མང་བོ་ཞིག་ལ་རྩེ་དཔེ་མཛོད་ཁང་འདིར་ཡོང་ནས་དཔེ་ཆ་ལྟ་བ་དང་། རྩོམ་ཡིག་འབྲི་བ་སོགས་བྱེད།  དེ་མིན་བོད་ཀྱི་བྱིས་བ་མང་བོ་ཞིག་གྲོང་ཁྱེར་འདིའི་ནང་སྐྱེས་འཚར་བྱུང་དང་འབྱུང་བཞིན་པར།  དེ་ལ་དམིགས་དེ་གཟའ་མཇུག་ལ་བོད་མིའི་བྱིས་བ་ཚོ་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པ་དང་། བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་བ་སོགས་ཀྱིས་ལས་རིམ་འདྲ་མིན་ཞིག་དུས་རྒྱུན་དུ་འདུག

 

Posted in Uncategorized | མཆན་འདེབས།

ཇཱ་ཁུའུ་མཱར་ཞེ་བོད་ཀྱི་འགྲེམས་སྟོན་ཁང་།

      

 

 

 

 

 

 

 

 

 ཇཱ་ཁུའུ་ མཱར་ཞེ་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་སུ་ཊིན་གླིང་ཕྲན་ Staten Island ནང་སྔོན་ཐོན་གྱི་ བསམ་བློ་ལྡན་པའི་ཨ་མེ་རི་ཀའི་བུད་མེད་ལྕམ་ ཇཱ་ཁུའུ་མཱར་ཞེ་Jacques Marchais(1887-1948) ཡིས་འཛམ་གླིང་གི་མི་རྣམས་ལ་བོད་དང་ཧི་མ་ལ་ཡའི་ས་ཁུལ་གྱི་རིག་གཞུང་དང་། སྒྱུ་རྩལ།   བཟོད་བཀོད་སོགས་སྤྱན་ལམ་དུ་འབུལ་ཆེད་སྤྱི་ལོ་༡༩༤༥ནང་འགོ་འཛུགས་བྱས།

     བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་དེའི་ནང་གི་ཅ་དངོས་མང་ཤོས། ཇཱ་ཁུའུ་ མཱར་ཞེ་ མོ་སྒེས་ངོས་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུ་སྟོད་ཙམ་ནས་ལོ་རབས་བཞི་ཅུའི་མཇུག་ཙམ་ལ་བླུ་ཉོ་དང་བསྡུ་རུབ་ཉར་ཚགས་གནང་བ་དང་།  ཅ་དངོས་དེ་དག་ལྕགས་དང་ཟངས་ལས་བཟོས་བའི་སངས་རྒྱས་ཀྱི་སྐུ་འདྲ་དང་། སྲུང་མ། ཐང་ག བོད་སྐོར་གྱི་དཔེ་ཆ། ཆོས་ལུགས་ཀྱི་ཡོ་བྱད།    རོལ་ཆ་སོགས་དུས་རབས་བཅོ་ལྔ་ནས་དུས་རབས་ཉི་ཤུ་ནང་ཐོན་པའི་རྩ་ཆེ་ལ་རིན་ཐང་ལྡན་པ།  ལོ་རྒྱུས་རང་བཞིན་ལྡན་པའི་ཅ་དངོས་རྐྱང་རེད།  འགྲེམ་སྟོན་བྱས་བའི་ཅ་དངོས་ཁྲོད་འགྲེལ་བརྗོད་གནང་བ་ལྟར་ན།   ཆོས་ལུགས་ཆོ་གའི་ཡོ་བྱད་དྲུག་པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་བེད་སྤྱད་གནང་མྱོངས་བ་དང་།   དེ་དག་ནི་དངུལ་གྱིས་བཟོས་བའི་སྡེར་མ་དང་།   ཕྱག་ཕྲེང་།  དར་གོས་སོགས་རེད།   ཅ་དངོས་འདི་དག་ཇཱ་ཁུའུ ་མཱར་ཞེ་ཡིས་   སྤྱི་ལོ་༡༩༤༡་ནང་བླུ་ཉོ་གནང་འདུག

      ཇཱ་ཁུའུ ་མཱར་ཞེ་མཆོག་བོད་ཀྱི་རིག་གཞུང་དང་རི་མོ།  ཆོས་ལུགས་ལ་དང་དོད་ཆེ་བ་ཙམ་མ་ཡིན་པར།  བོད་ཀྱི་ཁང་བའི་བཟོད་བཀོད་ལ་ཡང་དགའ་སྣང་ཆེན་པོ་འདུག  ལྷག་པར་དུ་བོད་ཀྱི་ཕོ་བྲང་པོ་ཏཱ་ལའི་འདྲ་པར་ཞིག་མཐོང་ཏེ་ཡིད་དབང་འཕྲོག་པ་དང་ །  ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕོ་བྲང་པོ་ཏཱ་ལའི་བཟོ་བཀོད་དང་ཁང་པའི་རྒྱབ་ཕིབས། སྒོ་དང་སྒེའི་ཁུང་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་མཐོང་། བོད་ཀྱི་དགོན་པའི་ཁང་བའི་བཟོ་བཀོད་སྒྱུ་རྩལ་དེས་མོ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་།  བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་འདི་ *ནུབ་གླིང་གི་པོ་ཏཱ་ལ་*ཆུང་ཆུང་ཞིག་བསྐྲུན་འདོད་བྱུང་།

        སྤྱི་ལོ་༡༩༤༠་ལོའི་ནང་།   ཇཱ་ཁུའུ་ མཱར་ཞེ་ཡིས་རང་ངོས་ནས་འཆར་བཀོད་བཏང་སྟེ་བོད་ཀྱི་དགོན་པའི་ཁྱད་ཆོས་ལྡན་པའི་བཟོད་བཀོད་འབུར་ཐོན་གྱི་འགྲེམ་སྟོན་ཁང་གསར་བཞེངས་མཛད། ཁང་བའི་རྩིག་རྨང་བོད་ནང་དགོན་པའི་ཁང་བ་ལྟར་རྡོ་སྒྲིག་ཏེ་རྩིག་པ་དང་།   སྒོ་དང་སྒེའུ་ཁུང་ཡང་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོད་བཀོད་རང་རེད་འདུག  འགྲེམ་སྟོན་ཁང་གི་མདུན་དུ་ཧི་མ་ལ་ཡའི་འདབས་རོལ་གྱི་དགོན་པའི་གླིང་ག་དང་ཆ་འདྲ་བ་གསར་བསྐྲུན་བྱས་བ་དང་། ཇཱ་ཁུའུ་ མཱར་ཞེ་ཡིས་ར་སྐོར་གྱི་གླིང་ག་དེ་ལ་སྒོམ་སྒྲུབ་གླིང་ག་ཞེས་མིང་བཏེགས།  དེ་ནི་མཛེས་སྡུག་ལྡན་ལ་ཡིད་དུ་འོང་བ་ཞིག་རེད།  གླིང་ག་དེའི་ནང་ཤིག་སྡོང་དང་།  མེ་ཏོག་པད་མ།   རྩི་ཤིང་རིགས་འདྲ་མིན་འདེབས་འཛུགས་དང་།   ཆེས་ཡིད་དུ་འོང་བ་ཞིག་ལ་གླིང་གའི་མདུན་དུ་རྡོ་ཀ་མ་རིའི་གྲུབ་པས་སྟོན་པའི་སྐུ་འདྲ་དཀར་ལྷང་ངེ་ཞིག་འདུག ཕྱོགས་དང་གྲུ་ཟུར་ན་བོད་ཀྱི་རི་མོའི་མཚོན་རྟགས་འདྲ་མིན་དང་། རྡོ་ལ་བརྐོས་པའི་ༀ་མ་ཎི་པདྨེ་ཧཱུྃ། ཁང་བའི་རྩེ་དང་ཤིང་སྡོང་ཐོག་རླུང་རྟ་འཐེན་པ་སོགས་ཁུ་སིམ་ལྷང་འཇེགས་ལྡན་ལ།  སེམས་ལ་ཞི་བདེ་ཞིག་རང་བཞིན་གྱིས་སྟེར་བའི་གནས་དམ་པ་ཞིག་དང་། ཇཱ་ཁུའུ་  མཱར་ཞེ་བོད་ཀྱི་འགྲེམ་སྟོན་ཁང་འདི་ནི་ནུབ་གླིང་གི་བོད་ཆུང་ཆུང་ཞིག་ཀྱང་རེད།

         སྤྱི་ལོ་༡༩༤༧་ནང་ཇཱ་ཁུའུ་ མཱར་ཞེ་བོད་ཀྱི་འགྲེམ་སྟོན་ཁང་འདི་སྒོ་འབྱེད་བྱས།   དུས་སྐབས་འདི་ལ་ནུབ་གླིང་དུ་བོད་མི་ཞིག་ཕར་ཞོག་བོད་ཀྱི་ནང་ཆོས་འཆད་ཁྲིད་མཁན་ཙམ་ཡང་མི་འདུག་ལ།     སངས་རྒྱས་ཆོས་ལུགས་གསུང་བསྒྱུར་བྱས་པའི་གླེགས་བམ་དང་ཆོས་ཀྱི་བསྟི་གནས་ཡང་མི་འདུག    

     ལོ་༢༥༠༠་ཡི་ལོ་རྒྱུས་ལྡན་པའི་སངས་རྒྱས་ཆོས་ལུགས་དེ་དུས་རབས་ཉེར་གཅིག་གི་དུས་དེ་ལ་ནུབ་གླིང་ཨ་རི་ལ་མཚོན་ན་ཆེས་གསར་བ་ཞིག་དང་། མོའི་དུས་སྐབས་དེ་ལ་བུད་མེད་དཀྱུས་མ་ཞིག་གིས་ཆོས་ལུགས་གསར་བ་ཞིག་ནང་འདྲེན་དང་།   དེའི་རྒྱུ་ཆ་འཚོལ་སྒྲུབ།   བླུ་ཉོ།  བསྡུ་རུབ་བྱེད་རྒྱུ་ལས་སླ་བོ་ཞིག་གཏན་ནས་མ་རེད།

     ཇཱ་ཁུའུ་མཱར་ཞེ་མཆོག་སྒེར་ངོས་ནས་ནང་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ཞེས་བའི་མངོན་གསལ་གྱི་དབྱེ་མཚམས་ཤིག་འབྱེད་འདོད་མི་འདུག  ཡིན་ནའང་།  མོ་བོད་ཀྱི་ཆོས་དང་རིག་གཞུང་།  སྒྱུ་རྩལ།   བཟོད་བཀོད་ལ་དམིགས་བསལ་ཀྱིས་དགའ་མོས་དང་དད་སེམས་ཡོད་པ་གསལ་བོ་རེད། ཁོ་མོས་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་འདི་བརྒྱུད་དེ་ནུབ་གླིང་གི་མི་སྒེར་སོ་སོར་བོད་ཀྱི་ཆོས་ལུགས་དང་རིག་གཞུང་།     སྒྱུ་རྩལ་ལ་ཤེས་རྟོགས་འཕེལ་ཐུབ་དང་། འཛམ་གླིང་གི་ཆོས་ལུགས་འདྲ་མིན་ལ་བསམ་བློ་ཡངས་པའི་འདུ་ཤེས་སྐྱེས་བར་གལ་ཆེན་ཡིན་པ་ནན་བརྗོད་བྱས།

   མི་ལོ་༦༥ ཙམ་གྱི་ལོ་རྒྱུས་ལྡན་པའི་ ཇཱ་ཁུའུ་མཱར་ཞེ་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་འདིས་ནུབ་གླིང་གི་མི་མང་པོ་ལ་བོད་ཀྱི་གནའ་བའི་རིག་གཞུང་དང་། སྒྱུ་རྩལ། རི་མོ། བཟོད་བཀོད་ཀྱི་མཛེས་སྡུག་དང་རིན་ཐང་གསལ་སྟོན། ཤེས་བྱ་ཞིག་སྤྲོད་ཀྱིན་ཡོད་ལ། མི་སྣ་མང་བོ་ཞིག་ལ་བོད་ཀྱི་རིག་གཞུང་དང་ནང་ཆོས་ལ་གོ་རྟོགས་དང་བག་ཆགས་ཀྱང་ཐེབས་འདུག    འདིར་ཕེབས་པའི་ལྟ་སྐོར་བ་ཚོས་བརྗོད་དོན།  “འགྲེམ་སྟོན་ཁང་འདིའི་ནང་གི་ཅ་དངོས་དང་གནས་ཚུལ་བརྒྱུད་བོད་ཀྱི་རིག་གཞུང་དང་རི་མོ་སྐོར་ཤེས་རྟོགས་ཐུབ་པར་ཕན་ཐོག་བྱུང” དང་ “ཅ་དངོས་འདི་འདྲ་ཞིག་ཉར་ཚགས་ཐུབ་པར་ཡིད་སྨོན་ཤོར་བྱུང་།” ཟེར།

    ཇཱ་ཁུའུ་ མཱ་ཞེ་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་འདི་ལ་བོད་ཀྱི་བླ་ཆེན་མང་བོ་ཞིག་གཟིགས་སྐོར་ལ་ཕེབས་འདུག སྤྱི་ལོ་༡༩༧༦་ནང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་འགྲེམ་སྟོན་ཁང་འདི་ལ་ཕེབས་པ་དང་།      སྤྱི་ལོ་༡༩༩༡་ནང་༧གོང་ས་ཏཱ་ལེ་བླ་མ་སྐུ་ཕྲེང་བཅུ་བཞི་བ་མཆོག་བོད་ཀྱི་སྒྱུ་རྩལ་འགྲེལ་སྟོན་ཁང་འདི་ལ་ཆིབས་བསྒྱུར་གཟིགས་སྐོར་མཛད།  ༧གོང་ས་སྐྱབས་མགོན་ཏཱ་ལེ་བླ་མ་མཆོག་གིས་གསུངས་བར་ “ གནའ་བའི་བོད་ཀྱི་ཅ་དངོས་དང་།   བོད་ཀྱི་གནའ་རྫས་ཁ་ཤས་མཐོང་བྱུང་།  སྤྱི་ལོ་༡༩༠༠་དེ་འདྲའི་སྔ་བོ་ལ་འགྲེམ་སྟོན་ཁང་འདི་འདྲ་ཞིག་བཞེངས་པར་བསམ་བློ་འཁོར་བ་ནི་དཔེ་མི་སྲིད་པའི་ཁྱད་དུ་འཕགས་པ་ཞིག་རེད ”བརྗོད།

       ཇཱ་ཁུའུ་  མཱར་ཞེ་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་འདིར། ཉེ་བའི་ལོ་འདི་ཚོའི་ནང་གྲྭ་བ་གདན་འདྲེན་གྱིས་ནང་ཆོས་ངོ་སྤྲོད་དང་། དཀྱིལ་འཁོར་བཞེངས་བ། ཆོས་ཀྱི་ཆོ་ག་མཛད་པ། འདྲ་པར་དང་རི་མོ། སྒྱུ་རྩལ་འགྲེམ་སྟོན་བྱེད་པ།  དམིགས་བསལ་གྱིས་ཕ་མ་དང་བྱིས་པ་མགྲོན་འབོད་ཀྱིས་{བྱམས་བརྩེའི་ནུས་སྟོབས་}ཞེས་བའི་བོད་ཀྱི་འབྲོག་པ་དང་བྱིས་པ།  མི་སྣ་གལ་ཆེན༧གོང་ས་ཏཱ་ལེ་བླ་མའི་འདྲ་པར་དང་།  རི་མོ་འགྲེམ་སྟོན་བྱེད་པའི་ལས་འཆར་མང་བོ་འདུག     འགྲེམ་སྟོན་ཁང་འདི་ལ་དོ་སྣང་དང་གཟིགས་འདོད་ཡོད་ཚེ།   གཟའ་ལྷག་པ་ནས་གཟའ་ཉི་མ་བར་ཕྱི་དྲོའི་དུས་ཚོད་༡་ནས་དུས་ཚོད་༥་བར་སྒོ་ཕྱེས་ཡོད།

Posted in Uncategorized | མཆན་འདེབས།

ངའི་རྒྱ་ནག ངའི་བོད། བར་འདུམ་བྱས་ཀྱང་། རྒྱལ་ཚོང་བ་ཞིག་ཏུ་གྱུར།

      

        ངས་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད- ཨེ་ཏྲ་ལེན་དང་། (Italian) ཧྥ་རིན་ཆི། (French)འཇར་མིན། (German  ད་ལྟ་མཐོང་སྣང་ལ། ང་རང་རྒྱ་ནག་ཏུ་ལོག་མི་ཐུབ་པ་འདྲ། དབྱར་ཁ་འདི་ལ། ངས་ཨ་རབ་ (Arabic) ཀྱི་སྐད་ཡིག་སྦྱང་རྒྱུ་ཡིན།    ངའི་དམིགས་ཡུལ་ནི་རང་ལོ་སུམ་ཅུ་སླེབས་བར་རྒྱའི་སྐད་ཡིག་དང་དབྱིན་ཡིག་ཚུད་པའི་སྐད་ཡིག་བཅུ་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་རེད།
          ངས་འདི་བྱེད་འདོད་ཡོད། རྒྱུ་མཚན་དེ། སྐད་ཡིག་ནི་གོ་རྟོགས་བྱེད་པར་ཟམ་པ་ཡིན་པ་ངས་ཡིད་ཆེས་གནང་བཞིན་ཡོད།  བོད་དང་རྒྱ་ནག་སྐོར་ལ། གལ་སྲིད་རྒྱ་མི་ཕོནཆེན་གྱིས་བོད་ཀྱི་སྐད་ཡིད་བསླབ་ཡོད་པ་དང་བོད་མིས་རྒྱ་ནག་སྐོར་མང་ཙམ་སྦྱང་ཡོད་ཚེ། ང་ཚོ་མི་རིགས་བར་གཅིག་ནས་གཞན་དེ་ལ་གོ་རྟོགས་ལེགས་པོ་ཞིག་འབྱུང་བ་དང་།    ང་ཚོས་ཕན་ཚུན་བ་ལ་དེང་སྐབས་ཀྱི་ཉེན་ཁ་དེ་ཞི་བདེ་ངང་རྣམ་པར་རྒྱལ་ ཐུབ་པར་ངས་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད།   བདུན་ཕྲག་གཅིག་གི་སྔོན་ལ་སྒྲུའུ་ཁུ་ (Duke University) སློབ་གྲྭ་ཆེན་མོའི་ནང་དུ་གནས་ཚུལ་དེ་འདྲ་བྱུང་རྗེས་ང་དེ་བས་ཀྱང་ཚོར་སྣང་ཤུགས་ཆེན་བྱུང་།
    རྒྱ་མི་དང་བོད་མིའི་རྒྱབ་སྐྱོར་གྱི་སློབ་གྲྭའི་ར་བའི་ངོ་རྒོལ་ཚོའི་བར་བསམ་བློ་གཏིང་ཟབ་ངང་ངས་བར་འདུམ་བྱས་པ་ལ་རྒྱ་མིས་དམའ་འབེབ་དང་འཇིགས་སྣང་སྐུལ་བྱུང་། ངོ་རྒོལ་རྗེས། ང་ལ་དྲ་གནས་ཐོག་འཇིགས་སྐུལ་རྒྱུད་མཐུད་གནང་བ་དང་། ཁ་པར་བཏང་ནས་ཞེད་སྣང་སྐུལ་རྒྱུ་འགོ་བཙུགས།  དེ་ནས་གནས་ཚུལ་ཇེ་སྡུག་ཏུ་ཕྱིན།  རྒྱ་ནག་ནང་དུ་ངའི་ཕ་མ་གཉིས་ལ་ཡང་འཇིགས་ སྐུལ་བྱུང་བར་བཙན་ཤེད་ཀྱིས་གསང་ཡིབ་ཏུ་འགྲོ་དགོས་བྱུང་། ང་ནི་རང་ཉིད་སྐྱེས་སའི་རྒྱལ་ཁབ་ནང་རྩ་ཡལ་དུ་གྱུར་བའི་མི་ཞིག་ཏུ་གྱུར།  དེ་ནི་ཞེད་སྣང་དང་གནས་བཟོད་མི་བདེ་བའི་ཉམས་མྱོང་ཞིག་རེད། ཡིན་ནའང་། ངས་བློ་ཐག་གཙང་བཅད་ཀྱིས་ཧམ་སྤྱོད་དང་འཇིགས་སྐུལ་ལ་གདོང་གཏད་ནས་ཕྱི་རོལ་དུ་སྨྲ་བརྗོད་བྱེད་རྒྱུ་ཡིན།   གལ་སྲིད་ང་རང་ཁུ་སིམ་པར་བསྡད་ཚེ།  དུས་ནམ་ཞིག་ལ་འགྲོ་བ་མི་གཞན་ཞིག་ལ་གནས་ཚུལ་གཅིག་པ་འདི་འབྱུང་རྒྱུ་རེད།         དེར་བརྟེན། འདི་ནི་ངའི་སྒྲུང་ཡིན།སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ང་རང་སྒྲུའུ་ཁུ་ལ་ཐེངས་དང་པོ་འབྱོར་དུས། རང་ཉིད་འདི་ལ་མི་དགའ་བ་ཡོང་བར་དངངས་སྐྲག་བྱུང་།    འདི་ནི་བྱང་ཁ་རོ་ལེར་ན་མངའ་སྡེ་ཡི་གྲོང་སྡེ་ཆུང་ཆུངསྒྲུར་ཧྰམ་ (Durham, N.C) རེད།ང་ནི་མི་གྲངས་ས་ཡ་༤་༣ ཡོད་པའི་གྲོང་ཁྱེར་ཆིན་ཏོ་ནས་ཡོང་བ་ཡིན། ཡིན་ནའང་། མཐར་མར་རང་ཉིད་གོམས་ལེགས་སུ་ཕྱིན་ཏེ།  ད་ལྟ་ང་རང་ངོ་མ་འདི་ལ་དགའ་པོ་འདུག    འདི་ནི་འཛམ་གླིང་གང་ས་ནས་ཡོང་བའི་མི་མང་སྣ་འདུས་ཀྱི་ཁོར་ཡུག་ཅིག་རེད།     ཡེ་ཤུ་འཁྲུངས་སྐར་གྱི་བར་གསེང་སྐབས་ཨ་རིའི་སློབ་མ་ཚང་མ་ཁྱིམ་དུ་ཕྱིན། ཡིན་ནའང་།  རྒྱ་ནག་ནས་ཡོང་བའི་སློབ་མ་ཚོ་ལ་དེ་ནི་ཚད་དྲགས་པའི་འགྲོ་སོང་ཞིག་རེད། སློབ་གྲྭའི་ཉལ་ཁང་དང་གསོལ་ཚིགས་ཁང་སྒོ་རྒྱབ་ནས་བཟུང་། ང་སློབ་གྲྭའི་ཉལ་ཁང་དང་གྱེས་ནས་འཛིན་གྲོགས་བོད་མི་བཞི་དང་མཉམ་དུ་བདུན་ཕྲག་གསུམ་ལས་མང་ཙམ་རིང་ཁང་པ་ཞིག་ནང་བསྡད།   ཐ་ན་ང་ཚོ་རྒྱལ་ཁབ་གཅིག་ནས་ཡོང་ནའང་།   དེ་སྔོན་ང་རང་བོད་མི་ལ་ཐུག་འཕྲད་དང་། ཡང་ན་གླེང་མོལ་རྩ་བ་ནས་བྱས་མྱོང་མེད།       ཉིན་ལྟར་ང་ཚོས་ཞས་ཟས་མཉམ་སྤྱོད་དང་།   མིག་མངས་དང་ཏག་སེ་རྕེད་མོ་མཉམ་དུ་རྕེས་ཡོད།         ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་སོ་སོར་འཚར་ལོངས་བྱུང་བའི་ཉམས་མྱོང་མ་འདྲ་བའི་སྐོར་ལབ་གླེང་བྱེད་པ་ནི་ངེས་གཏན་རེད། དེས་ང་ལ་བློ་སྒོ་ཕྱེས།  རྒྱུན་རིང་བོ་ཞིག་ནས་ང་རང་བོད་ལ་དགའ་སྣང་དང་ཁ་བ་གངས་ཅན་ལྗོངས་ལ་འཆར་ཡན་གྱི་སྣང་ཚུལ་ཞིག་ཡོད།      ཡིན་ནའང་།  ང་རང་རྕ་བ་ནས་འགྲོ་མྱོང་མེད། ད་ལྟ་ངས་ཤེས་རྟོགས་བྱུང་བ་ནི་བོད་མི་རྣམས་ལ་འཇིག་རྟེན་ལྟ་ཚུལ་གྱི་ལམ་ཁྱད་པར་ཅན་ཞིག་འདུག།  ངའི་འཛིན་གྲོགས་རྣམས་ནང་བ་ཡིན་ལ་ཆོས་དད་ཆེན་པོ་རེད།    དེས་མི་ཚེའི་དོན་སྙིང་སྐོར་ལ་རང་ཉིད་ཀྱི་ལྟ་བའི་ཐོག་ལ་བསམ་གཞིག་དང་ང་ལ་སེམས་འགུལ་ཐེབས།   རྒྱ་མི་ཡོད་ཚད་ཀྱིས་བསླབས་པ་ཇི་བཞིན། ང་ནི་དངོས་གཙོ་རིང་ལུགས་པ་ཞིག་ཡིན།    ཡིན་ནའང་།    ད་ལྟ་ངས་དངོས་པོ་མང་པོ་ཞིག་མཐོང་ཐུབ་པ་ནི་མི་ཚེ་ལ་ཆོས་ཕྱོགས་ཀྱི་ལྟ་སྣང་ཞིག་ཡོད་པ་དེ་རེད།
     ང་ཚོས་བདུན་ཕྲག་གསུམ་འདི་ཚོ་ལ་གཏམ་གླེང་མང་པོ་བྱས་བ་དང་།  ང་ཚོས་གླེང་མོལ་རྒྱ་སྐད་ནང་བཤད་པ་བརྗོད་ག་ལ་དགོས། བོད་ཀྱི་སྐད་ཡིག་ནི་སློབ་འབྲིང་ཡག་པོ་ཞིག་གི་ནང་སྐད་ཡིག་སློབ་ཁྲིད་མེད་པར་རྩ་ཡལ་དུ་འགྲོ་བར་ཉེན་ཁའི་ནང་འདུག ང་ཚོའི་ཚ་རླབས་ཆེ་བའི་དཔལ་འབྱོར་འགྲན་རྩོད་ཀྱི་ལམ་སྲོལ་ནང་གྲུབ་འབྲས་ཐོབ་པར་བོད་མི་ཚོས་ངེས་པར་དུ་རྒྱའི་སྐད་ཡིག་ནང་སློབ་སྦྱོང་བྱེད་དགོས།    འདིས་ང་ལ་སེམས་སྐྱོ་བཟོས་བ་དང་།       ཁོང་ཚོས་ངའི་སྐད་ཡིག་བསླབས་པ་ཇི་བཞིན།   ང་ལ་ཁོང་ཚོའི་སྐད་ཡིག་སློབ་འདོད་བྱུང་།
       ཕྱི་ཟླ་བཞི་བའི་ཚེས་༩ ཉིན་གྱི་ཕྱི་དྲོ་དེ་ངས་དྲན་གསོ་བར་འདུག  ང་རང་དཔེ་མཛོད་ཁང་དུ་སློབ་སྦྱོང་ཆེད་གསོལ་ཚུགས་ཁང་ནས་ཐོན་པ་དང་།   ཐང་དཀྱིལ་དུ་མི་མང་གིས་བོད་དང་རྒྱའི་དར་ཆ་བཟུང་ནས་ཕན་ཚུན་གདོང་གཏད་པ་དེ་ངས་མཐོང་བྱུང་། ངས་ངོ་རྒོལ་གྱི་རྣམ་པ་ཅི་ཡང་གོ་ཐོས་མེད། དེར་བརྟེན་ང་རང་མཚར་སྣང་ངང་ལྟ་བར་ཕྱིན།    ངས་སྐོར་ཁག་གཉིས་ཀྱི་མི་རྣམས་ངོ་ཤེས་སྟབས་ཁོང་ཚོའི་བར་དུ་མདུན་རྒྱབ་སོང་ནས་ཁོང་ཚོའི་ལྟ་ཚུལ་དྲིས་བ་ཡིན། ཁོང་ཚོ་སོ་སོར་གྱེས་ནསའདུག་པ་ལས་ཕན་ཚུན་གཏམ་གླེང་མི་བྱེད་པ་ནི་ང་ལ་བྱབ་ཆུང་ཞིག་དུ་མངོན། ངས་ཁོང་ཚོ་རྒྱུན་དུ་སྐད་ཡིག་གི་འགོག་རྐྱེན་ཞིག་ཡོད་པ་ཤེས་ལ། འདིར་རྒྱ་མི་མང་པོ་ཚན་རིག་པ་དང་བཟོ་བཀོད་རིག་པ་ཡིན་སྟབས་ཁོང་ཚོ་ལ་དབྱིན་སྐད་ཀྱི་གདེང་ཚོད་མེད་པ་རེད།   ངས་བསམ་པར་སྐོར་ཁག་གཉིས་མཉམ་འཛོམས་ཀྱིས་གྲོས་མོལ་ཁ་ཤས་འགོ་འཛུགས་བྱུང་ན།      མངོན་འདོད་ཆེན་པོ་ཞིག་ནས་ཚང་མ་ལ་བསམ་བློ་སྤྲོད་ཐུབ།     དེ་ནི་ལེའོ་ཙུ་དང་སུའུ་ཙུ།ཁུང་ཙུ་སོགས་ཀྱིས་ང་ཚོ་ལ་ཤུལ་བཞག་གནང་ཡོད།    ངས་རང་ཉིད་ཀྱི་ཨ་ཕའི་མདུན་དུ་སྔ་མོ་ནས་བསླབ་ཡོད་པ་དེ་མོས་མཐུན་མི་བྱེད་པ་ནི་ཞེད་སྣང་ངང་འཚོ་མི་དགོས་པ་ཞིག་རེད། སྟབས་མ་ལེགས་པ་ཞིག་ལ།   དེང་སྐབས་རྒྱ་རིགས་ལ་ལྟ་ཚུལ་ཤུགས་ཆེན་ཞིག་ཡོད་པ་ནི་གལ་གནད་ཆེ་བའི་བསམ་བློ་དང་ལྟ་བ་མི་མཐུན་པས་དཀའ་རྙོག་བསྐྲུན་པ་དེ་རེད། དེར་བརྟེན་མི་ཚང་མ་ཁུ་སིམ་པར་གནས་བ་དང་།     སྐབས་བསྟུན་གྱིས་གཅིག་མཐུན་བྱེད།      ཨ་རི་བ་ངོ་རྒོལ་ཚོགས་མི་ཞིག་གི་རྒྱབ་ཏུ་ “ བོད་རང་དབང ”ཞེས་བའི་ཚིག་འདི་བྲིས་བ་དེ་བདེན་པ་ཡིན། ཁོང་ནི་ངས་ཤེས་བའི་མི་ཞིག་རེད།   ཡིན་ནའང་ཁོང་གིས་རྒྱ་མའི་སྐོར་ཁག་ལགླེང་མོལ་གནང་རྒྱུ་དེ་ལ་ཁེས་ལེན་བྱེད་དུ་བཅུག་རྗེས། ངས་ཁོང་གི་རེ་སྐུལ་ལྟར་བྲིས་བ་ཡིན། ཉེས་མེད་ཀྱི་བྱ་བཞག་འདི་ལ་རྒྱ་མིས་འདི་ལྟར་འཛིན་པ་ནི་ངས་རྨི་ལམ་ལ་ཡང་འཁོར་མེད།  སྐོར་ཁག་གཉིས་ཀྱི་འགོ་བ་ནས་སྐད་བརྡ་སྤྲོད་པར་ཐབས་ཤེས་གནང་ཡང་།   ཡིན་ནའང་བྱེད་རྩིས་གནང་བ་དེ་ཡང་ལེགས་འགྲུབ་མ་བྱུང་།

     རྒྱ་མི་ངོ་རྒོལ་བ་ཚོས་བསམ་པར། ང་རང་རྒྱ་མི་ལྟར་ཁོང་ཚོའི་ཕྱོགས་སུ་ལངས་དགོས།    བོད་ཕྱོགས་སུ་མཉམ་ཞུགས་གནང་མཁན་མང་ཆེ་བ་ཨ་རིའི་མི་རེད།     ཁོ་ཚོས་དེ་འདྲའི་རྙོག་དྲ་ཅན་གྱི་གནས་སྟངས་ཞིག་ཡིན་པ་གོ་རྟོགས་ཡག་པོ་མེད།  དྲང་པོར་བཤད་ན། ཕྱོགས་གཉིས་ཆ་བསམ་བློ་གུ་དོགས་དང་གཞན་གྱི་དགོས་འདུན་ལ་བསམ་གཞིགས་བྱེད་རྒྱུ་ཁེས་ལེན་མི་བྱེད།   ངས་ བསམ་པར་ཆ་འདྲ་བའི་སྐད་ཅོར་དེ་བསམ་བློ་བརྗེ་རེས་ནང་འགྱུར་ཐབས་ལ་རོགས་འདེགས་བྱེད་ཐུབ་སྙམ།   དེར་བརྟེན་ང་རང་དཀྱིལ་དུ་ ལངས་ནས་ཕན་ཚུན་གུས་བརྩི་དང་ཞི་བའི་ངང་ཕྱོགས་གཉིས་མཉམ་འཛོམས་ཡོང་པར་སྐུལ་སློང་བྱས།    ཁོང་ཚོ་མི་མཐུན་པ་ལས་མཚུངས་ཕྱོགས་མང་པ་དང་ཐུན་མོང་གི་ས་མང་པོ་ཡོད་པ་ངས་ཡིད་ཆེས་གནང་གི་ཡོད།
       ཡིན་ནའང་།  རྒྱ་མི་ངོ་རྒོལ་བ་ཚོ་གྲངས་ཀ་མང་ལ་ཕལ་ཆེར་བརྒྱ་ལས་མང་ཙམ་འདུག སྐད་ཅོར་ཆེ་ལ་ཚོར་ཤུགས་འཕེལ་སྟབས་ཕྱོགས་གཞན་ལ་སྐད་ཆ་བརྗོད་དུ་མ་བཅུག  ཁོང་ཚོས་མི་བཅུ་གཉིས་ཙམ་གྱི་བོད་ཀྱི་སྐོར་ཁག་ཆུང་ཆུང་དེ་ཕུད་འདེད་དང་སྒྲུའུ་ཁུ་ཚོགས་ཁང་གི་སྒོ་ལ་ཁ་གཏད་དུ་བཅུག་ནས་སྐོར་ཅོར་ཆེན་པོས་ “རྫུན་བཤད་མཁན། རྫུན་བཤད་མཁན། རྫུན་བཤད་མཁན། ” ཞེས་སྐད་འབོད་རྒྱབ། འདིས་ང་ལ་ཁོང་ཁྲོ་བསླང་། གནས་སྟངས་ཇེ་རྩུབ་དུ་གྱུར་བ་དང་རྒྱ་མིས་ལེགས་བཤད་ཅིག་ཤེས་བ་དེ།  བློ་ལྡན་རང་གི་སྨྲ་ལྕེ་འགུལ་བ་ལས་ཁུ་ཚུར་མི་གཡུག
     ང་རང་ཞེད་སྣང་བྱུང་། ཡིན་ནའང་ངས་ཕན་ཚུན་གོ་ཤེས་བྱེད་པར་སྐུལ་སྤེལ་ལ་འབད་བརྩོན་བྱས་པར་ཡིད་ཆེས་ཡོད།   ང་སྐོར་ཁག་གཉིས་ཀྱི་བར་དུ་བདུན་རྒྱབ་སོང་ནས་མང་ཤོས་ང་ཚོའི་སྐད་དེ་རྒྱ་སྐད་ཀྱིས་བཤད་པ་དང་། ངས་ཚང་མ་ལ་ཞི་འཇམ་གནང་དགོས་བའི་འབོད་སྐུལ་བྱས་ཀྱང་། ཡིན་ནའང་དེ་ནི་ཁོང་ཚོ་ལ་ཞེ་སྡང་སློངས་བ་ལྟརམངོན།      རྒྱ་མིའི་སྐོར་ཁག་ནང་གི་ཕོ་གསར་ཁྲོ་གཏུམ་ཅན་ཁ་ཤས་ཀྱིས་སྡུག་མོལ་དང་དམའ་འབེབ་བྱེད་རྒྱུ་འགོ་འཛུགས།
        མི་མང་པོ་ཞིག་གིས་ཤེས་ཚོར་མེད་པ་དེ་རྒྱ་མི་ཕྱོགས་ཀྱི་མི་ཁ་ཤས་ནས་ང་ལ་རྒྱབ་སྐྱོར་ངང་བརྗོད་དོན་ “ ཁོ་མོ་ལ་ཤོད་དུ་ཆུགས ”ཟེར། ཡིན་ནའང་།   ཁོང་ཚོས་གཉོམ་ཞིང་སྐད་སྒྲ་ཉུང་ངུ་དེ་གོ་མེད་དུ་གྱུར།     རྒྱ་མི་ཁ་ཤས་ནས་ངས་དབྱིན་སྐད་བཤད་པར་ང་ལ་དམའ་འབེབ་གཏོང་འགོ་བརྩམས་ནས་རྒྱ་སྐད་རང་ཤོད་ཞེས་ཟེར།    འོན་ ཀྱང་ཨ་རི་བ་རྣམས་ཀྱིས་རྒྱ་སྐད་མི་ཤེས།  རྒྱ་མི་ཁ་ཤས་ཀྱིས་ཚོར་སྣང་ལ་དབྱིན་སྐད་མི་བཤད་པ་ནི་རྒྱ་ཁབ་ཀྱི་ལ་རྒྱའི་རིགས་ཤིག་ཏུ་མངོན་པ་དེ་ང་ལ་ཁྱད་མཚར་བྱུང་། ཡིན་ནའང་སྐད་ཡིག་ནི་བསམ་བློ་དང་གོ་བརྡ་སྤྲོད་ལམ་གྱི་ལག་ཆ་ཞིག་རེད།
          ངོ་རྒོལ་ཆེ་རུ་ཕྱིན་པའི་སྐབས་སུ་རྒྱ་མི་ཕོ་གསར་སྐོར་ཞིག་གིས་ངའི་མཐའ་སྐོར་ནས་མཛུབ་མོ་བཙུགས་ཏེ། ཕྱི་ལོ ༡༩༨༩་ ལོའི་ཐའེ་ཨན་མིན་ཐང་ཆེན་དུ་སློབ་མས་མང་གཙོ་ལས་འགུལ་གྱི་སྣེ་ཁྲིད་པའི་གཞོན་ནུ་མ་ཞིག་ཚད་མར་དྲངས་ནས་བཤད་དོན། “ ཁྲེའེ་ལིན་དྲན་གསོ་འམ་།   རྒྱ་མི་ཡོད་ཚད་གྱིས་མོ་སྣུམ་ནང་བསྲེག་འདོད་ཡོད་པ་རེད། ཁྱེད་རང་མོ་འདྲ་བ་འདུག ” ད་དུང་ཁོང་ཚོེས་བཤད་པ་དེ་ང་ལ་ཀླད་པར་སྐྱོན་འདུག་ལ་དམྱལ་བར་རྒྱུགས་ཟེར།  ཁོང་ཚོས་ང་ལ་སློབ་གྲྭ་གང་དུ་ཞུགས་པ་དང་གང་ནས་ཡོང་བ་སོགས་འདྲི།  ངས་ཁོང་ཚོ་ལ་ང་ལ་གསང་བ་བྱེད་རྒྱུ་ཅི་ཡང་མེད་ཅེས་བརྗོད་པ་ཡིན།  ཡིན་ནའང་ཁོང་ཁྲོས་བརྟས་བའི་སྐོར་ཁག་དེས་ང་ལ་འཐབ་རྩོད་བྱེད་རྒྱུ་ཚོར་ཡོང་བ་ན།  མཐར་མར་ང་རང་ཉེན་རྟོག་པས་སྲུང་སྐྱོབ་འོག་ངོ་རྒོལ་བ་དང་ཁ་བྲལ་བ་ཡིན།
            ཕྱིར་ཉལ་ཁང་ནང་དུ་ངས་སྒྲུའུ་ཁུ་རྒྱ་མི་སློབ་ཕྲུག་དང་ཆེད་མཁས་མཐུན་ཚོགས་ཀྱི་དྲ་གནས་ཁ་ཕྱེས་བ་ན།  མི་མང་གིས་གླེང་བརྗོད་ཅི་འདྲ་ཞིག་གནང་བ་དེ་དག་མཐོང་སོང་།    ཆིན་ཧྥན་ཀྲོའུ་དེ་ཆེད་མཁས་མཐུན་ཚོགས་ཀྱི་ལས་བྱེད་ཀྱིས་ངན་སེམས་བཅང་ནས་ “ང་ཚོས་ཁོང་ཚོ་ལ་རང་ཉིད་ངོ་མ་བསྟན་ཡོད ” ཟེར། 

      ངས་དེ་ལ་ལན་འདེབས་ཀྱི་ཡི་གེ་ཞིག་བཀོད་ནས་འགྲེལ་བརྗོད་གནང་བ་ནི།   མི་ཁ་ཤས་ཀྱིས་ང་ལ་ཉེས་འཛུགས་བྱས་པ་ལྟར་ངས་བོད་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད། ཡིན་ནའང་རྒྱ་མིའི་རང་དབང་ཇི་བཞིན།        ངས་བོད་མིའི་རང་དབང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།  རྒྱ་ནག་གི་རྩ་ཁྲིམས་ནང་བརྗོད་པ་ལྟར།  མི་དམངས་ཚང་མ་རང་དབང་ཡོད་ཆོག་ལ།   ཁོང་ཚོའི་རྩ་བའི་རང་དབང་རྣམས་ལ་སྲུང་སྐྱོབ་བྱེད་ཆོག  ངས་རེ་བ་ལ་ཡི་གེ་དེས་དངོས་ཡོད་ཀྱི་བགྲོ་གླེང་ལ་རྐྱེན་རྩ་ཞིག་བཟོ་བར་སྙམ་མོད།  ཡིན་ནའང་། མི་མང་གིས་ང་ལ་སྐྱོན་བརྗོད་དང་དམའ་འབེབ་མང་པོ་བཏང་།
       ཕྱི་ཉིན་ཞོགས་པ་ལ།  དྲག་ཆར་དེ་དྲ་གནས་ཐོག་རབ་ཏུ་འཁྲུག་པ་དང་ང་རང་གི་འདྲ་པར་ཞིག་བཀོད་ནས་ངའི་ཐོད་པའི་ཐོག་ཏུ་ “ མོའི་རྒྱལ་ཁབ་ལ་ངོ་ལོག་པ”ཞེས་བའི་ཚིག་བྲིས་འདུགདེ་ནས་ངས་ཉེན་བརྡ་དངོས་ཁ་ཤས་མཐོང་བ་ནི། ངའི་ཕ་མ་གཉིས་ཀྱི་མི་སེར་ཨང་གྲངས་རྣམས་བཀོད་འདུག ང་རང་ཧོན་འཐོར་སོང་། གང་ཡིན་ཟེར་ན།  གནས་ཚུལ་འདི་ནི་རྒྱ་ནག་གི་ཉེན་རྟོག་ཁང་གཅིག་པུ་ནས་ཐོབ་དགོས།
        རྒྱ་ནག་ནང་ངའི་ཕ་མའི་ཁྱིམ་དུ་ཁ་ཕྱོགས་གསལ་སྟོན་བྱས་ནས་མི་མང་ལ་གནས་དེ་ཕྱིན་ནས་ “ ངོ་ཚ་མེད་པའི་ཁྱི་འདི་ ”ལ་བསླབ་བྱ་ཞིག་སྤྲོད་དང་ཞེས་མཐུན་གྲོགས་སྦྱར་འདུག་པ་ངས་མཐོང་།     དེ་ནས་ངས་འདི་ནི་ཇི་འདྲའི་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་ཤེས་བྱུང་། ང་ལ་ཁ་པར་བཏང་ནས་འབོད་མཁན་ཚོས་ངའི་མི་ཚེ་ལ་རྒོལ་གཏམ་འཇིགས་སྐུལ་གནང་། དེ་ནི་ཁྲེལ་དགོད་ཅིག་རེད།      ངས་ཧ་ཅང་ཧུར་བརྩོན་གྱིས་འགོག་སྲུང་བྱས་བ་ནི་གནད་ལ་འཁེལ་བའི་ངང་གང་ཞིག་འབྱུང་བཞིན་པ་དེ་ལས་བརྒལ་བར་ཐབས་ཤེས་གནང་ནའང་།     ང་ནི་དམིགས་འབེན་དུ་གྱུར།

 སང་ཉིན་ཞོགས་པར་ངས་ཨ་མ་ལ་གླེང་མོལ་བྱུང་བ་དང་།  མོས་གསུངས་བ་ལ། ཨ་ཕ་དང་མོ་ རང་གཉིས་གསང་ཡིབ་ཏུ་འགྲོ་བ་ཡིན་ཟེར།    རྒྱུ་མཚན་ནི་ཁོ་ཚོ་དམར་གསོད་བྱེད་རྒྱུའི་འཇིགས་སྐུལ་བྱུང་འདུག  ངས་ཁོང་ཚོ་ལ་ཁ་པར་མ་བཏང་ན་ཡག་པོ་འདུག་ཅེས་མོས་གསུངས། དུས་དེ་ནས་བཟུང་།     གློག་འཕྲིན་བརྡ་ལན་འདོར་བསྡུས་རེ་གནང་བ་ནི་ང་ཚོའི་གོ་བརྡ་སྤྲོད་ས་གཅིག་པུ་དེ་རེད།  ཉིན་གཞན་ཞིག་ལ།  ངས་དྲ་གནས་ཐོག་ང་ཚོའི་སྡོད་ས་མཐོང་བ་དང་གཅིན་སྐྱག་ཟོམ་སྣོད་ཅིག་སྟོང་བ་བཟོས་ནས་སྒོ་ཐེམ་དུ་བཞག་འདུག ཆེས་ཉེ་བའི་ཆར།    ངས་གོ་ཐོས་ལ་ཁང་བའི་དྲ་མའི་ཤེལ་རྣམས་གཏོར་བཅོམ་དང་སྒོ་ཐོག་ཏུ་ཁྲེལ་མེད་ཕར་རྒོལ་གྱི་སྦྱར་ཡིག་བཀོད་འདུག ད་དུང་ ང་ལ་བཤད་དོན།   ང་ལ་སྐྱོན་བརྗོད་དུ་མི་ཚོགས་སྐོང་འདུ་བྱས་རྗེས་ངའི་མཐོ་རིམ་སློབ་གྲྭས་ངའི་སློབ་ཐོན་ལག་འཁྱེར་རྩིས་མེད་དུ་བཏང་བ་དང་རྒྱལ་གཅེས་སློབ་གསོ་ལ་ཤུགས་སྣོན་རྒྱབ་འདུག
    ཅི་ཕྱིར་མི་མང་ལ་འདི་འདྲའི་ཁོང་ཁྲོ་དང་ཚོར་ཤུགས་དྲག་པོ་ཡོད་པ་ངས་བསམ་ཤེས་བྱེད་ཐུབ། བོད་ནང་གི་དོན་རྐྱེན་ནི་གོད་ཆག་ཅིག་རེད། ཡིན་ནའང་ང་ལ་རྒྱང་ཤིང་རྒྱབ་ནས་གསོད་པ་འདི་ངེས་ལེན་བྱེད་མི་ཐུབ།      ཁོང་ཚོས་ཕན་ཚུན་ལ་ཚིག་མཚོན་འདེབས་པ་དང་གཏུམ་སྤྱོད་འདྲ་བའི་ལས་བརྩམས་དུས་གནས་ཚུལ་ཧ་ཅང་ཚབས་ཆེན་ཞིག་དུ་སླེབས་པ་དེ་རྒྱ་མི་རང་ངོས་ནས་ཤེས་བ་ང་ལ་ཡིད་ཆེས་ཡོད།  ད་ལྟ་སྒྲུའུ་ཁུ་ཡིས་ང་ལ་ཉེན་རྟོག་སྲུང་སྐྱོབ་མངགས་ཀྱང་རྒྱ་ཡིག་གི་གློག་འཕྲིན་བརྡ་ལེན་ནང་མུ་མཐུད་དུ་འཐབ་རྩོད་གནང་།     ཡིན་ནའང་ངས་སྣང་མེད་དུ་དོར་བ་དང་བག་ཁུམ་མི་བྱེད་པར།       ངའི་དམའ་འབེབ་མཁན་གྱི་བསམ་འདུན་ལ་རྒོལ་ལན་སྤྲོད་ཀྱིན་ཡིན། ངའི་ཕ་མའི་སྲུང་སྐྱོབ་དང་ཁོང་ཚོའི་སྤྱོད་ངན་ལ་ཚུར་མངོན་ཐོབ་རྒྱུའི་ཚབ་ཏུ།  ངས་ཞབས་འདྲེན་གྱི་རྐྱེན་རྩ་འདི་ལ་ཡོངས་གྲགས་ནས་ལེན་འདེབས་བྱས་བ་ཡིན།    ང་ནི་འཇིགས་ཞུམ་མེད་པར།  ངས་སེམས་ཐག་གཙང་བཅད་ཀྱིས་སྨྲ་བརྗོད་རང་དབང་དེ་རང་ཉིད་ལ་ཐོབ་ཐང་ཡོད་པ་རྩོན་ལེན་བྱེད་རྒྱུ་ཡིན། རྒྱུ་མཚན་ནི། དེ་སྐད་ཡིག་ནི་གོ་རྟོགས་བྱེད་པར་ཟམ་པ་དེ་རེད།

 

Posted in Uncategorized | མཆན་འདེབས།

སྲིད་འཛིན་ཨོ་བྷ་མ་ཡིས་རྒྱ་ནག་གི་སྲིད་འཛིན་མཉམ་དུ་བོད་དོན་གླེང་བ།

སྤྱི་ལོ་༢༠༡༡་ཟླ་༡ཚེས༡༩་ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་མེ་རི་ཀ་ལ་གཞུང་འབྲེལ་ལྟ་སྐོར་ལ་ཡོང་བ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁོང་ལ་ཕོ་བྲང་དཀརཔོའིནང་སྣེ་ལེན་གཟབ་རྒྱས་བྱས། སྐབས་དེ་སྲིད་འཛིན་རྣམ་གཉིས་ཀྱིས་མཉམ་ཏུ་རྒྱལ་སྤྱིའི་བརྙན་འཕྲིན་ཐད་གཏོང་གསར་འགོད་ལྷན་ཚོགས་ཤིག་སྤེལ་ཡོད་ལ།     ཨ་རིའི་སྲིད་འཛིན་ཨོ་བྷ་མས་ “ང་ཚོ་ཨ་མེ་རི་ཀ་ཡིས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ཨ་རིའི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་འབྲེལ་ལམ་རྒྱུན་འཁྱོངས་ཀྱིས་དགོངས་ཚུལ་དང་ལངས་ཕྱོགས་མ་འདྲ་བའི་གནད་དོན་ཁག་ཐག་གཅོད་ཡོང་རྒྱུར་རྒྱབ་སྐྱོར་དང་། བོད་མིའི་ངོ་བོ་མཚོན་པའི་རིག་གཞུང་དང་། ཆོས་ལུགས་སྲུང་སྐྱོབ་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།” ཞེས་བརྗོད།

ཨོ་བྷ་མས་གསར་འགོད་པའི་དྲི་བ་ལན་འདེབས་གནང་དོན་ “ངས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། འདུ་འཛོམ་རང་དབང་སྤྲོད་དགོས་བ་སྲིད་འཛིན་ཧུའུ་ལ་གསལ་བོར་ཞུས་ཡོད།  ཨ་རིས་འགྲོ་བ་མིའི་ཁེ་དབང་དང་རང་དབང་སྐོར་རྒྱུན་དུ་ཤོད་པ་དང་།  མཉམ་འབྲེལ་རང་དབང་།   ཁྲོམ་སྐོར་ངོ་རྒོལ་རང་དབང་།     ཆོས་ལུགས་དད་མོས་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་དང་མངོན་འགྱུར་བྱུང་བ་ཡིན་ན།  མ་འོངས་པར་རྒྱ་ནག་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མ་དར་ཞིང་རྒྱས་བ་དང་། གྲུབ་འབྲས་ཐོན་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། ” ཅེས་གསུངས་།

དེ་མིན་སྲིད་འཛིན་རྣམ་གཉིས་ཀྱིས་བྱང་ཀོ་རི་ཡའི་གནད་དོན་དང་། ཨེ་རིན་གྱིས་སྡུད་ཕྲན་མཚོན་ཆའི་ལས་རིམ་ལ་ངོ་རྒོལ་དང་ཉེས་བ་གཏོང་ཕྱོགས།  ཉེ་བའི་ཆར་ལྷོ་སུའུ་དཱན་ནང་རང་བཙན་སྐོར་ལ་སྤྱི་འབངས་ཀྱི་འོས་ཤོག་འདེམས་པ་སོགས་དང་། ཨ་རི་དང་རྒྱ་ནག་བར་ཀྱི་ཚོང་དོན་གཙོ་བོ་བྱས་བའི་རྒྱལ་ནང་དང་རྒྱལ་སྤྱིའི་གནད་དོན་མང་བོ་ཞིག་གི་ཐོག་གྲོས་མོལ་མཛད་འདུག

Posted in Uncategorized | མཆན་འདེབས།

ཨ་རིའི་རྒྱལ་སར་ལོ་རྒྱུས་རང་བཞིན་ལྡན་པའི་བཀའ་བློན་ཁྲི་བའི་བགྲོ་གླེང་།

  ལོ་འདིའི་ཟླ་༣་པའི་ཚེས་༡་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་བཀོད་སྒྲིག་འོག་བོད་ཀྱི་བཀའ་བློན་ཁྲི་བའི་བགྲོ་གླེང་གྲ་རྒྱས་བོ་ཞིག་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནང་ཡོད་པའི་གསར་འགྱུར་འགྲེམ་སྟོན་ཁང་ནང་འཚོགས་འདུག      བཀའ་བློན་ཁྲི་བའི་བགྲོ་གླེང་ཐོག་བཀའ་བློན་འོས་ལངས་བ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་།    བཀྲ་ཤིས་དབང་འདུས།       བློ་བཟང་སེང་གེ་གསུམ་ཆེད་ཕེབས་ཀྱིས་བགྲོ་གླེང་གནང་། བགྲོ་གླེང་འགོ་མ་བཙུགས་བའི་སྔོན་དུ་ཨ་རིའི་རླུང་འཕྲིན་ཁང་གི་ཤར་ཨེ་ཞི་ཡའི་སྤྱི་ཁྱབ་འགན་འཛིན་བྷིལ་གྱིས་གསུངས་དོན། “ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་བགྲོ་གླེང་འདི་ཨ་རིའི་རྒྱལ་ས་ནང་གོ་སྒྲིག་བྱེད་ཐུབ་པར་ང་ཚོ་སྤོབས་པ་དང་དགའ་བོ་བྱུང་།  འདི་ང་ཚོའི་གཟི་བརྗིད་ཅིག་དང་བཙན་བྱོལ་བོད་མིའི་སྤོབས་པ་སྐྱེས་དགོས་བ་ཞིག་ཀྱང་རེད།  བགྲོ་གླེང་འདིས་བཙན་བྱོལ་བོད་མིས་མང་གཙོ་ལམ་ནས་བཙན་བྱོལ་བོད་གཞུང་གི་སྲིད་བློན་འོས་འདེམས་བྱེད་པར་ཕན་ཐོགས་ཡོང་བའི་རེ་བ་ཡོད”ཟེར།     

     ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བློ་བཟང་རྒྱ་མཚོ་ཡིས་བརྗོད་དོན། “དེ་རིང་གི་བགྲོ་གླེང་ཐོག་ཕེབས་མཁན་བཀའ་བློན་འོས་ལངས་རྣམ་པ་གསུམ་གཙོ་བྱས།  སྐུ་མགྲོན་ཚང་མ་ལ་འཚམས་འདྲི་དང་།   ༧གོང་ས་སྐྱབས་མགོན་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དེ་རིང་གི་སྐུ་མགྲོན་གཙོ་བོ་ཡིན་པས།  ཆེད་དུ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ།  དེ་མིན་འདིར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་བཀོད་སྒྲིག་བྱེད་མཁན་དང་།    གསར་འགྱུར་འགྲེམ་སྟོན་ཁང་གི་ཚོགས་ཁང་འདི་དུས་ཐོག་གཡར་བར་ཐུགས་རྗེ་ཆེ་ཞུ་ ” ཟེར།     ཀུན་གླེང་གི་བགྲོ་གླེང་འདི་ཨ་རིའི་རླུང་འཕྲིན་ཁང་གི་བརྙན་འཕྲིན་ཐད་གཏོང་ཚུལ་དུ་ཨ་རིའི་རྒྱལ་སའི་དུས་ཚོད་དེ་ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་ཐོག་འགོ་འཛུགས་བྱས།  བགྲོ་གླེང་གི་དྲི་བ་དང་དུས་ཚོད་རྣམས་ཀུན་གླེང་ལས་རོམ་གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་དང་།  རྣམ་རྒྱལ་ཤ་སྟྲི་གཉིས་ཀྱིས་གོ་སྒྲིག་བྱས་སྟེ་མ་འོངས་བའི་བཀའ་བློན་ཁྲི་བའི་ལས་འཆར་དང་འགྱུར་བ།   བོད་དང་རྒྱ་ནག་བར་ཞི་བའི་གྲོས་མོལ་ཅི་ལྟར་གནང་འདོད  དེ་མིན་བཙན་བྱོལ་བོད་མིའི་གནས་བབས་ཅི་འདྲ་ཆགས་མིན་སྐོར་ལ་བཀའ་ཁྲི་འོས་ལངས་བ་གསུམ་ལ་བཀའ་འདྲི་དང་།    གཞན་ཕྱོགས་མཐའ་ན་ཡོད་པའི་བོད་མི་སྒེར་གྱི་དྲི་བ་དམིགས་བཀར་གྱིས་ཐད་ཀར་བཀའ་ཁྲི་འོས་ལངས་བ་གསུམ་ལ་འདྲི་བའི་གོ་སྐབས་བསྩལ། ཡིན་ནའང་།  ཆེད་དུ་གདན་འདྲེན་ཞུས་བའི་སྐུ་མགྲོན་དང་།  གཞན་རྣམས་ལ་ལྟ་ཉན་བྱེད་པ་ལས་དྲི་བ་འདོན་པའི་གོ་སྐབས་མི་འདུག   ཨ་རིའི་རླུང་འཕྲིན་ཁང་གིས་བཀོད་སྒྲིག་བྱས་བའི་བཀའ་བློན་ཁྲི་བའི་བགྲོ་གླེང་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་རེད།

 

Posted in Uncategorized | མཆན་འདེབས།