ཐོབ་པ་ལས་ཤོར་བ་མང་བའི་ཚོར་སྣང་བྱུང༌།

༡ ཐོག་མར་སྐུ་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། ངའི་མིང་ལ་བསྟན་པ་དར་རྒྱས་ཟེར་ཞིང༌། བོད་ཤར་ཕྱོགས་མདོ་སྨད་རེབ་གོང་ཞོ་འོང་དཔྱིས་ཟེར་བའི་གྲོང་སྡེ་ཞིག་ནས་སྐྱེས། ཆུང་དུས་ས་གནས་སློབ་ཆུང་དང་འབའ་ཤང་ཁྲི་ལྔ་རིགས་ནང་བསྟན་སློབ་གྲྭ་སོགས་གསར་རྙིང་གི་ཆོས་སྡེ་རེ་འགར་ཐུན་མོང་རིག་གནས་ཁག་གཞིར་བྱས། ནང་བསྟན་མདོ་སྔགས་གཉིས་ལ་རང་བློས་དཔག་ཚོད་ཀྱིས་བག་ཆགས་ཅུང་ཙམ་འཇོག་རྒྱུའི་སྐལ་བ་ཐོབ། ཕྱི་ལོ་ ༢༠༠༠ ལོའི་ལོ་མགོར་རྒྱ་གར་ལ་བཙན་བྱོལ་དུ་་སླེབས་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ནོར་ལྡེ་རྩོམ་སྒྲིག་པ་དང༌། ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་དུ་ལོ་རེ་འགར་ཞབས་ཞུ་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ། ཕྱི་ལོ་ ༢༠༠༥ ལོར་ཨོ་སི་ཀྲི་ལེ་ཡར་གཞིས་སྡོད་དུ་སླེབས་ཏེ་ས་གནས་བོད་རིགས་མཐུན་ཚོགས་སྐབས་དགུ་པའི་རྒྱུན་ལས་དང༌། ས་གནས་འོས་བསྡུ་ཚོགས་ཆུང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༠༦ ལོར་ས་གནས་ཤེས་ལྡན་མི་སྣ་རེ་འགའ་དང་ལྷན་དུ་ཨོ་སི་ཀྲི་ལེ་ཡའི་བོད་མིའི་གསར་འཕྲིན་༼རྒྱང་འབོད༽དུས་དེབ་གསར་འཛུགས་ཀྱིས་འདོན་ཐེངས་བཅུ་གཅིག་བར་རྩོམ་སྒྲིག་འགན་འཛིན་གྱི་འཁུར་ཙམ་བདོག་ཁུལ་བྱས་པ་སོགས་ནི་ཕྲན་གྱི་ལོ་རྒྱུས་སྙིང་བསྡུས་ཙམ་ཡིན།

༢སྐུ་ཉིད་ནུབ་གླིང་ལ་ཕེབས་མ་ཐག་རྒྱུས་མངའ་མེད་པའི་སྤྱི་ཚོགས་དེར་ཚོར་སྣང་མི་འདྲ་བ་གང་བྱུང་སོང་ངམ། ཡང་ན། གདོང་ལེན་དཀའ་བའི་དཀའ་ངལ་སོགས་འཕྲད་སོང་ངམ།

ལན། ཐོག་མར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་འདིའི་ནང་དངོས་སུ་སླེབས་དུས། ཕྱི་ནང་གི་ཁོར་ཡུག་ཚང་མ་གཙང་སྦྲ་དོད་པོ། མི་མཐོ་དམན་སུས་ཀྱང་ཕན་ཚུན་ལ་ཐོབ་ཐང་འདྲ་མཉམ་དང་བརྩི་འཇོག་བྱེད་ལུགས། སྒེར་གཞུང་ཚོགས་པ་གང་གི་ལས་ཁུངས་སུ་ལས་དོན་ཅི་ཞིག་བྱེད་དགོས་བྱུང་ཡང༌། ཏན་ཏན་ཏིག་ཏིག་གིས་བྱེད་པ་མ་ཟད། ཕན་ཚུན་གང་གི་སྐར་ཆ་ལྔ་ཙམ་ཡང་འཕྲོ་བརླགས་སུ་མི་གཏོང་བ་སོགས་ཀྱི་ཁོར་ཡུག་དང་ལམ་ལུགས་སྲོལ་འདིས་ཡིད་དབང་འཕྲོགས་པ་ཞིག་བྱུང༌། གཞན་དབྱིན་ཇིའི་སྐད་ཡིག་ལ་བྱང་ཆ་ཏོག་ཙམ་མེད་པ་ཞིག་ཡིན་ན། འགྲོ་ལུགས་འགྲོ་སྟངས་དང་འཚོ་བའི་རྒྱུད་རིམ་གྱི་ཁྲོད་ལ་དཀའ་ངལ་ཏན་ཏན་འདུག ཡིན་ནའང༌། ཐོག་མར་ང་ཚོ་འབྱོར་དུས་སྡོད་ས་དང་འཚོ་རྟེན་གནས་སྡོད་བྱེད་པའི་རྒྱུད་རིམ་གྱི་ཡིག་ཆ་སོགས་གང་སྤྱིའི་ཐད་ལ་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་འགན་ལེན་དང་རོགས་སྐྱོར་གནང་བས་དཀའ་ངལ་ཅུང་ཟད་ཀྱང་འཕྲད་མ་སོང༌།

༣ ཁྱེད་ཀྱིས་དེ་སྔ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་མཛད་རྣམ་རྩོམ་སྒྲིག་སོགས་རྩོམ་སྒྲིག་གི་ཕྱག་ལས་གནང་བ་དང༌། དེ་གར་ངལ་རྩོལ་གྱི་ལས་ལ་ཞུགས་པ་གཉིས་ལ་ཚོར་སྣང་མི་འདྲ་བ་དང༌། རིན་ཐང་མི་འདྲ་བ། ཡང་ན། དགོས་མཁོ་དམིགས་བསལ་བ་ཅི་ཞིག་གི་བར་ཁྱད་མཐོང་གི་འདུག

ལན། མི་སུ་ཞིག་ཡིན་ནའང་འདོད་པ་ཆུང་ཞིང་ཆོག་ཤེས་པའི་གནད་འདི་ལག་ལེན་ལ་བསྟར་ཐུབ་མཁན་ཆེས་ཉུང་བས། ང་ཡང་དེའི་གྲས་ལས་མ་འདས། ཐོག་མར་ནོར་གླིང་དུ་རྒྱལ་བའི་མཛད་རྣམ་རྩོམ་སྒྲིག་གི་ལས་ཀ་བྱེད་དུས། རླབས་ཆེན་གྱི་ལས་ཀ་དེ་འདྲ་ཞིག་བྱེད་རྒྱུའི་སྐལ་བ་བྱུང་བར་ཡིད་རང་གིས་འདོད་པ་ཁེངས་ཤིང༌། ངའི་མི་ཚེ་འདིའི་སྐྱེས་པ་བླངས་པའི་དོན་སྒོར་བསམ་བཞིན་ཡོད།  ཡིན་ནའང༌། རང་དོན་ཤུགས་ཆེ་བས་ཡིན་ནམ། ཡང་ན། ཕྱི་རོལ་གྱི་ལྟ་ཚུལ་དབང་བཙན་པས་ཡིན་ནམ། གང་ལྟར་ཕུགས་ཀྱི་འདུན་མ་ཞིག་གི་ཆེད་དུ་གཞུང་འབྲེལ་གྱི་ངོས་ནས་ནུབ་གླིང་དུ་བསྐྱོད་པ་ཡིན། ནུབ་གླིང་སྤྱིའི་འགྲོ་སྟངས་བཞིན་ལོ་རེ་འགར་ཆུ་ཚོད་དམ་འཛིན་གྱིས་ངལ་རྩོལ་གྱི་ལས་ལ་ཞུགས་སྐབས་མི་ཚེ་རིན་ཐང་ལྡན་པའི་དོན་སྙིང་ནི་དངུལ་ཡོད་པ་ཙམ་གྱིས་འགྲིགས་པ་ཞིག་གཏན་ནས་མིན་པ་ད་གཟོད་གཞི་ནས་ངེས་ཤེས་ཐུབ་པའི་བསམ་བློ་འཁོར་གྱིན་འདུག གང་ལྟར། ཕྱི་གླིང་དུ་ཡོང་ནས་ཕ་མ་སྤུན་མཆེད་སོགས་ལ་དངུལ་གྱི་རོགས་སྐྱོར་ཅུང་ཙམ་ཐུབ་པ་དང༌། ཡུན་རིང་བྲལ་བའི་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་བའི་གོ་སྐབས་ཡོད་པ། སྔོན་མཐོན་རྒྱལ་ཁབ་ཅིག་གི་ཕྱི་ནང་གི་འཚོ་བར་འདྲིས་གཤིབ་གཏིང་ཟབ་ཅིག་བྱེད་པ་སོགས་ནི་ཕྱི་གླིང་དུ་འཁྱམས་པའི་ལག་འོང་ཙམ་རེད། ཡང་ཆུང་དུས་ནས་ཕ་མའི་རེ་བ་དང་དགེ་རྒན་རྣམས་པའི་ཕུགས་བསམ། རང་ཉིད་ཀྱིས་མི་ཚེ་ཕྱེད་ཀར་དཀའ་ལས་བརྒྱབ་པའི་ཐོབ་འབྲས་ཅུང་ཙམ་བསགས་ཐུབ་པ་རྣམས་སྐད་ཅིག་ཉིད་ལ་གཉིད་སད་པ་ལྟར་གཏེར་དུ་སྦས་དགོས་བྱུང་བ་ནི་ཕྱིར་འཁྱམས་པའི་འཐུས་ཤོར་རེད། མདོར་ན་བདག་གི་མི་ཚེའི་ཐོབ་ཤོར་ལ་ཚད་གཞལ་ན་ནུབ་གླིང་དུ་འོང་ནས་ཐོབ་པ་ལས་ཤོར་བ་མང་བའི་ཚོར་སྣང་བྱུང༌།

༤ ནུབ་གླིང་དུ་རྒྱུ་འབྱོར་གསོག་སྒྲུབ་བྱེད་ཐུབ་མིན་དང་བོད་ཀྱི་སྐད་དང་གོམས་གཤིས་བརླགས་པ། ད་དུང་གསར་སྐྱེས་བྱིས་པ་དག་གིས་བོད་སྐད་མ་བཤད་པར་དབྱིན་སྐད་ཤོད་པ་སོགས་ཀྱི་སྐོར་ལ་ཁ་ཚ་དགོས་གཏུགས་ཀྱི་བསླབ་བྱ་གང་ཞིག་དུས་ལ་བབ་འདུག

ལན། ཕྱི་གླིང་དུ་མ་སླེབས་པའི་མི་མང་པོ་ཞིག་གི་མཐོང་སྣང་ལ་ཕྱི་རྒྱལ་ལ་སླེབས་དུས་དངུལ་ནི་ཆར་བ་འབབ་པ་བཞིན་ལས་སླ་པོའི་ངང་གསོག་ཐུབ་པར་བསམ་གྱིན་ཡོད། དེ་ནི་ཕྱི་རྒྱལ་དུ་ལོ་རེ་འགར་བསྡད་པའི་མི་རྣམས་རྒྱ་གར་སོགས་ལ་གུང་གསེང་ཡོང་དུས། དེར་བསྡད་ཡུན་གྱི་ཆུ་ཚོད་ནང་དངུལ་ཡོང་ས་དང་འགྲོ་སའི་འཛའ་ལ་ཕབ་ནས་རྒྱས་སྤྲོས་རྒྱས་ལུགས་བྱུང་བའི་སྟབས་ཀྱིས་མི་གཞན་གྱི་སྐབས་ཐོག་གི་བསམ་བློ་ཙམ་རེད། དེ་མ་གཏོགས་ཕྱི་གླིང་དུ་བསྡད་ན་ཚུར་ཡོང་འབབ་དང་ཕར་འགྲོ་སོང་དོ་མཉམ་པ་ལྟ་བུ་ལས་གསོག་སྒྲུབ་ཤུགས་ཆེ་གཏན་ནས་བྱེད་མི་ཐུབ་པ་མ་ཟད། ཁ་ཤས་ཀྱིས་གུང་གསེང་དང་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་སྐབས་ཉིན་མཚན་ཁ་སྤྲད་ནས་ལས་ཀ་འཕར་མ་བྱེད་ཀྱི་ཡོད་པ་རེད། སྐད་ཡིག་དང་གོམས་གཤིས་ཆ་ནས་བཤད་ན་དངོས་ནས་བློ་ཕམ་དགོས་པ་རང་རེད། བུ་ཕྲུག་ཚོས་དབྱིན་སྐད་ཤེས་པ་ནི་སློབ་གྲྭ་དང་ཁོར་ཡུག་གི་སྟབས་ཀྱིས་ཀྱང་རེད་ལ། ཕ་མས་སྟངས་འཛིན་མ་བྱས་པ་ལའང་དངོས་ཡོད་ཀྱི་འབྲེལ་བ་འདུག་དེའི་ཕྱིར་བུ་ཕྲུག་སོ་སོས་བོད་སྐད་མ་བརྗེད་པ་བྱ་རྒྱུའི་ཕྱོགས་ལ་གཙོ་བོ་ཕ་མས་འགན་འཁྱེར་ཏེ་ནང་ལ་སླེབས་དུས། བོད་སྐད་བརྒྱབ་བཅུག་པ་དང༌། ཕ་མས་ཀྱང་བུ་ཕྲུག་ལ་བོད་སྐད་བརྒྱབ། དེ་ལ་དམིགས་བསལ་གྱིས་ཆུ་ཚོད་སྤྲད་དེ་ཕ་མས་བུ་ཕྲུག་དང་ལྷན་དུ་བོད་སྐད་བཤད་པའི་ཁོར་ཡུག་ཆུང་ཆུང་དེ་སྣང་ཆུང་མ་བྱས་པར་རྒྱུན་དུ་དམ་འཛིན་བྱ་དགོས། དེ་མིན་ཕ་མས་བུ་ཕྲུག་ཚོར་ཁོར་ཡུག་མ་བསྐྲུན་པ་ཡིན་ན། ཕྱི་ནང་གཉིས་ཀར་དབྱིན་སྐད་བཤད་པའི་ཁོར་ཡུག་ཆགས་པ་རེད། གཞན་བོད་རིགས་སྤྱི་མཐུན་གྱི་ངོས་ནས་ཀྱང་བུ་ཕྲུག་ཚོར་ཐབས་ལམ་འདྲ་མིན་གྱི་སྒོ་ནས་ཆེད་དུ་བོད་སྐད་བཤད་དུ་བཅུག་རྒྱུའི་ཁོར་ཡུག་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་གལ་ཆེན་ཞིག་རེད་སྙམ། གང་ཡིན་ཟེར་ན། མི་རིགས་ཤིག་འཆི་གསོན་གྱི་ས་མཚམས་ལྟ་བུ་ལ་སླེབས་འདུག་སྙམ་པའི་ཚོར་བ་བྱུང་གི་འདུག

༥ ཁྱེད་ཀྱིས་དེ་སྔ་རྒྱང་འབོད་གསར་འཕྲིནརྩོམ་སྒྲིག་གནང་སྐབས་ཀྱི་དཀའ་ངལ་དང་དགོས་དམིགས་སོགས་ཀྱི་སྐོར་ལ་བཙན་བྱོལ་བོད་མིའི་གསར་འཕྲིན་རྒྱུད་ལམ་ཁག་དང་མི་འདྲ་བའི་དགོས་དམིགས་གང་མཐོང་བྱུང༌།

ལན། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ཉིན་ང་ཚོ་བོད་མི་རེ་འགའ་ལྷན་འཛོམས་ཀྱིས་ས་གནས་སུ་སོ་སོའི་བོད་མི་རིགས་ཀྱི་ཡིག་ཐོག་ནས་རྒྱུན་ལྡན་གྱི་ཚགས་ཤོག་གཅིག་འདོན་མི་ཐུབ་ཀྱང༌།
ལས་འགུལ་དང་བྱེད་སྒོ་གང་ཞིག་སྤེལ་བར་ཡིག་ཐོག་ཏུ་མི་ལ་སྟོན་རྒྱུ་ཡོད་པ་ཞིག་ཅིས་ཀྱང་བཟོ་རྒྱུའི་ཆོད་སེམས་ངང་སོ་སོས་དང་བླངས་ཀྱིས་མ་རྩ་དང་ལས་ཀ་གང་ཅིའི་ཐད་ནས་འགན་ལེན་གྱིས་ད་ལྟའི་བར་དུ་སོང་དང་འགྲོ་བཞིན་པ་ཡིན། བཙན་བྱོལ་བོད་མིའི་གསར་འཕྲིན་རྒྱུད་ལམ་ཁག་དང་མི་འདྲ་བའི་དགོས་པ་དམིགས་བསལ་བ་ནི་གསར་འཕྲིན་འདིའི་སྟེང་ན་ཆེར་མེད་ཀྱང༌།
ས་གནས་འདིར་སྡོད་བོད་རིགས་ཀྱི་ངོས་ནས་བཤད་ན་དམིགས་བསལ་གྱི་དགོས་དབང་ཆེན་པོ་མཐོང་གི་འདུག ཡུལ་མཐའ་འཁོབ་ཏུ་གནས་པའི་མི་རིགས་ཤིག་ལ་མཚོན་ན། མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ནི་མི་རིགས་གཞན་ཞིག་གི་རིག་གཞུང་ཁོར་ཡུག་ལ་བརྟེན་ནས་ཁོར་ཡུག་མེད་པའི་རིག་གཞུང་ཞིག་བདག་པོ་རྒྱག་རྒྱུ་དེ་རེད།
དེས་ན་རྒྱང་འབོད་རྩོམ་སྒྲིག་པ་དག་གིས་སེམས་ཤུགས་ཆེན་པོས་དང་བླངས་བྱེད་དོན་ཡང་དེ་ཡིན། སྤྱིར་སྤྱི་ཚོགས་ཤིག་ཡིན་དུས་རྙོག་དྲ་དང་དཀའ་ངལ་མེད་པ་གཏན་ནས་མིན། ང་རང་གི་ངོས་ནས་ཀྱང་རྒྱང་འབོད་རྩོམ་སྒྲིག་པའི་འགན་འཁུར་ནས་བཟུང་ད་བར་ཕྱི་ནང་གི་དཀའ་ངལ་མང་པོ་འཕྲད་བྱུང༌། ཡིན་ནའང༌། འཇིགས་ལ་ཉེ་བའི་མི་རིགས་ཤིག་གི་སྐད་ཡིག་གི་ཆག་སྒོ་ལ་བལྟས་ན་སྤྱིར་བཏང་གི་དཀའ་ངལ་ནི་དཀའ་ངལ་དང་གནོན་ཤུགས་ཤིག་ལ་མཐོང་གི་མི་འདུག

༦ ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨོ་སི་ཀྲི་ལེ་ཡར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་སོགས་མང་པོ་བཏང་དང་གཏོང་བཞིན་པས། དེ་གར་ཉིན་རེའི་ཁོ་ཚོའི་འཚོ་བའམ་ཐུན་མོང་ལ་འཕྲད་པའི་དཀའ་ངལ་ཅི་ཞིག་འདུག ཡང་ན། རྒྱང་འབོད་ཀྱིས་བོད་ཀྱི་སྐད་ཡིག་དང༌། རྩ་དོན་ལ་གཞོགས་འདེགས་ག་རེ་གནང་ཐུབ་ཀྱི་ཡོད་ན།

ལན། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་མང་ཆེ་བ་བོད་ནས་སླེབས་སྟེ་རྒྱ་གར་ནང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཆེར་མ་བྱུང་བར་བརྟེན། འདི་གར་ཐུན་མོང་ལ་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་ནི་སྐད་ཡིག་གི་མ་འདང་བ་དེ་རེད། བོད་ཀྱི་སྐད་ཡིག་ཐུན་མོང་གིས་བེད་སྤྱོད་བྱེད་པའི་ཁོར་ཡུག་མེད་ས་ཞིག་ལ་རང་གི་སྐད་ཡིག་ཐོག་ནས་དུས་དེབ་ཅིག་གསར་བསྐྲུན་བྱེད་དོན་ནི་བོད་ཀྱི་སྐད་ཡིག་ཅུང་ཙམ་ཤེས་པ་མི་བརྗེད་པ་དང༌། མ་ཤེས་པ་དག་ལ་རང་རིགས་ཀྱི་སྐད་ཡིག་གི་བག་ཆགས་ཙམ་ཞིག་རྒྱུད་ལ་འཇོག་ཐུབ་པའི་དམིགས་འདུན་དང༌། ལྷག་པར་དུ་མ་འོངས་པར་ཨོ་གླིང་དུ་གནས་སྡོད་བོད་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཆགས་རྒྱུ་ཡིན་པའི་ཡིད་ཆེས་ཡོད།

༧ མཇུག་མཐར༼ནུབ་གླིང་གི་བོད༽ཀྱི་ཚགས་པར་བརྒྱུད་བོད་པ་ཚོ་ནུབ་གླིང་ལ་ཁ་ཕྱོགས་པ་དེར་དགེ་སྐྱོན་ག་རེ་ཡོད་མེད་གསུང་རོགས།

ལན། བོད་པ་ཚོ་ནུབ་གླིང་ལ་ཁ་ཕྱོགས་པ་དེར་དགེ་སྐྱོན་གྱི་དབྱེ་འབྱེད་བྱེད་རྒྱུ་དཀའ་ནའང༌། བོད་པ་ཚོ་ས་ཕྱོགས་གང་དུ་གནས་ཀྱང་རང་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་བརྗེད་དེ་སོ་སོའི་མི་རིགས་ཀྱི་རྩ་དོན་བློས་བོར་ནས་དཔལ་འབྱོར་ཁོ་ནའི་ཆེད་དུ་མི་ཚེ་ཡི་དུས་འདའ་བ་ཡིན་ན་དངོས་ནས་སྐྱོན་ཆེན་པོ་མཐོང་གི་འདུག

About Tibet in the Western World

ནུབ་གླིང་གི་བོད བོད་ཡིག་འདི་ས་སྒང་ཟླུམ་པོ་འདིའི་ཐོག་མི་མངོན་པར་འགྱུར་ བར་མ་བཟོད་སྟབས། བོད་ཀྱི་ཡི་གེ་སྲུང་སྐྱོབ་དང་དར་སྤེལ། བོད་ཡིག་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ཆེད། ནུབ་ གླིང་ནང་གནས་སྡོད་བྱེད་པའི་བོད་མའི་གནས་ཚུལ་དང་། བོད་ཀྱི་ རིག་གཞུང་བསྟི་གནས། བོད་དང་འབྲེལ་བ་ཡོད་པའི་གལ་གནད་ཁག བོད་ མིའི་འཚོ་བའི་སྐོར་སོགས། བོད་ཕྱི་ནང་གཉིས་སུ་ངོ་སྤྲོད་བྱ་ རྒྱུ་དམིགས་ཡུལ་བཅངས་ནས་ ༼ནུབ་གླིང་གི་བོད་༽ཅེས་པའི་གསར་ འཕྲིན་འདི་འགྲེམ་སྤེལ་བྱེད་བཞིན་ཡོད།
This entry was posted in Uncategorized. Bookmark the permalink.

མཆན་འདེབས།