སྤྱི་ལོ་༢༠༡༡་ཟླ་༡༢་ཚེས་༩་ནས་ཚེས་༡༤་བར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀོ་ལོམ་སྤི་ཡ་སློབ་གྲྭ་ཆེན་མོའི་ནང་འཚོགས་འདུག
བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དེ་ཀོ་ལོམ་སྤི་ཡ་སློབ་གྲྭ་ཆེན་མོ་དང་། ཀུན་ཕན་ཐེབས་རྩ་ཚོགས་པ། ཞང་ཞུང་སློབ་གཉེར་ཁང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་བཅས་ཀྱིས་མཉམ་རུབ་ཐོག་བཀོད་སྒྲིག་བྱས་པ་ཞིག་རེད།
བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་འདི་ལ་བོད་ཕྱི་ནང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན། རྩོམ་སྒྲིག་པ། དཔེ་རྙིང་སྲུང་སྐྱོབ་མཁན། ཚན་རིག་ལག་རྩལ་ཐོག་བོད་ཡིག་བཟོ་བཀོད་པ་སོགས་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག རིག་གནས་ཆེད་མཁས་པ་མང་བོ་ཞིག་འདུ་འཛོམས་བྱུང་བ་དང་། རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུའི་གཙོ་འཛིན་ཆོས་རྒྱལ་ནམ་མཁའི་ནོར་བས་ཚོགས་ཞུགས་ཚོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། “ད་ལྟའི་དུས་འདིར་འཛམ་གླིང་འདི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་དཔལ་འབྱོར་དང་། དེ་བཞིན་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སྐད་ཡིག་མི་འདྲ་བའི་གྲངས་འབོར་དེ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་གསོན་ཤུགས་དེ་ཡང་ཉམས་དམས་སུ་འགྲོ་བཞིན་ཡོད།
མིག་སྔར་བོད་ཀྱི་སྐད་ཡིག་ནི་ཉེན་ཁ་ཅན་གྱི་སྐད་ཡིག་ཅིག་ཏུ་གྱུར་མེད་མོད། ཡིན་ནའང་ང་ཚོས་གོ་ལ་གཅིག་གྱུར་ཅན་དུ་འགྱུར་བཞིན་པའི་བརྒྱུད་རིམ་ཇེ་མགྱོགས་སུ་འགྲོ་བཞིན་པ་འདི་མ་ཚོར་བའམ། དེ་དང་འབྲེལ་མཐུད་ཀྱི་མཉམ་ལས་བྱེད་མ་ཐུབ་ཚེ་བོད་ཀྱི་སྐད་ཡིག་ཀྱང་ཉེན་ཁ་ཅན་གྱི་སྐད་ཡིག་ཅིག་ཏུ་འགྱུར་སྲིད།
ཚོགས་འདུ་འདི་ནི་མཉམ་ལས་ཀྱི་སྙིང་སྟོབས་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་རྩ་འཛུགས་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གོ་ལ་གཅིག་འགྱུར་གྱི་གོ་རིམ་ཁྲོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏེ། བོད་སྐད་དེ་འདྲ་མཉམ་ངང་འཛམ་གླིང་གི་འཕེལ་རིམ་ནང་དུ་ཞུགས་ཐུབ་རྒྱུ་དེ་ཡིན།
འདིར་ངས་ཁྱེད་རྣམས་ལ་བྱ་བ་ལམ་འགྲོ་ཡོང་བ་དང་ཚོགས་འདུའི་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས་བཞིན་ཡོད།” ཅེས་བཀོད་འདུག
ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དེ་ཚོགས་ཆུང་ཁག་རེ་རེ་དགོས་ཏེ་དུས་ཚོད་བཟོས་འདུག ཚོགས་ཆུང་དེ་དག་ནི། སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་དང་། སྐད་ཡིག་ཕན་ཚུན་བར་གྱི་ཤུགས་རྐྱེན། ཐ་སྙད་གསར་པ་གཅིག་འགྱུར་བཟོ་རྒྱུའི་སྐོར། ཚན་རིག་ལག་རྩལ་གསར་བའི་སྐོར། དཔེ་རྙིང་སྲུང་སྐྱོབ། བོད་ཡིག་ཕ་སྐད་མ་ཡིན་པ་ཚོར་སློབ་ཁྲིད་བྱེད་པ། རྩོམ་སྒྲིག ཚིག་མཛོད། བརྡ་སྤྲོད་བཅས་ལ་དབྱེ་འདུག
སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་སྐོར་ལ་བགྲོ་གླེང་བྱེད་མཁན་གྱི་ཚོགས་ཆུང་གིས་བོད་ཡིག་བཀོལ་ཡུལ་གྱི་ས་གནས་དང་དུས་ཚོད་གཙིགས་སུ་བཟུང་ནས་བོད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་བརྟན་པོ་ཞིག་འཛུགས་ཐུབ་རྒྱུ་ནི་སྐད་ཡིག་འདི་གསོན་གནས་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་དང་། མ་འོངས་པར་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་རྒྱ་ཆེར་རུ་གཏོང་ཐབས་སྐོར་ལ་བགྲོ་གླེང་བྱས།
སྐད་ཡིག་ཕན་ཚུན་བར་གྱི་ཤུགས་རྐྱེན་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་བོད་དང་འདབས་འབྲེལ་གྱི་རྒྱལ་ཁབ་དབར་ལ་ཕན་ཚུན་སྐད་ཡིག་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་རྒྱུན་མི་ཆད་པར་བྱུང་ནས་སྐད་ཡིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ལོ་རྒྱུས་རིག་པ་དང་། སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཐོག་ནས། བོད་སྐད་ཀྱི་ལོ་རྒྱུས་དང་། འཕེལ་རིམ། དེ་བཞིན་འབྱུང་ཁུངས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་དང་། བོད་སྐད་དང་སྐད་ཆ་གཞན་རྣམས་བར་གྱི་འབྲེལ་བ། སྐད་ཆ་མི་འདྲ་བའི་བར་གྱི་ཤུགས་རྐྱེན། ཕན་ཚན་ཐ་སྙད་ཀྱི་ཤན་ཞུགས། མིང་ཚིག་བར་གྱི་ཁྱད་ཆོས། དེ་བཞིན་སྐད་ཆའི་རིགས་ཇི་ཡིན་ཐད་ལ་ཞིབ་འཇུག་གིས་བགྲོ་གླེང་གནང་།
ད་ལྟ་འཛམ་གླིང་གཅིག་འགྱུར་ཕྱོགས་སུ་འགྲོ་བཞིན་པའི་སྐབས་ཚན་རིག་དང་། ལག་རྩལ། ཆབ་སྲིད། མཚན་ཉིད་རིག་པ། དེ་བཞིན་སྒྱུ་རྩལ་སོགས་འཕེལ་རྒྱས་འགྲོ་བཞིན་པར་བརྟེན། འཛམ་གླིང་གི་ཚིག་མཛོད་ནང་མིང་ཚིག་སྟོང་ཕྲག་མང་བོ་གསར་སྣོན་བྱས་པ་དང་། ཐ་སྙད་གསར་པ་གཅིག་འགྱུར་བཟོ་རྒྱུའི་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་བོད་ཡིག་ནང་གི་ཆེད་སྤྱོད་མིང་ཚིག་གསར་པ་བཟོ་རྒྱུ་དང་། དེ་དག་གཏན་འབེབ་བྱ་རྒྱུར་འཕྲད་པའི་དཀའ་ངལ་ཁག་ལ་བགྲོ་གླེང་དང་། བོད་ཡིག་བཀོལ་མཁན་གྱི་ཡུལ་གྲུ་སྤྱི་ལ་བེད་སྤྱོད་པའི་ཐ་སྙད་གསར་པ་ཁག་གཅིག་འགྱུར་བཟོ་བའི་རྒྱུད་རིམ་སྐོར་ལ་བགྲོ་གླེང་གནང་།
ཚན་རིག་ལག་རྩལ་གསར་བའི་སྐོར་ལ་བགྲོ་གླེང་གནང་མཁན་གྱི་ཚོགས་ཆུང་གིས་ཚན་རིག་ལག་རྩལ་གྱི་འཕྲུལ་ཆས་གློག་ཀླད་(ཀམ་པུ་ཊི)་དང་། ལག་འཁྱེར་ཁ་པར། དྲ་རྒྱ་ཐོག་བོད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་གསར་བསྐྲུན་དང་། བོད་ཡིག་འབྲི་སྐབས་འདོགས་བརྩེགས་ལ་དཀའ་ངལ་ཡོད་པ་སེལ་ཐབས། བོད་ཡིག་གཅིག་འགྱུར་གྱི་ཡིག་གཟུགས་བེད་སྤྱོད་གནང་ཐུབ་རྒྱུ། བོད་ཡིག་ཞིབ་དག ཚིག་མཛོད་གསར་གཏོད་སོགས་ཀྱི་ཐད་བགྲོ་གླེང་གནང་།
ཁ་བ་གངས་ཅན་བོད་ནི་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བོད་ཡིག་ཐོག་ཡོད་པའི་དཔེ་རྙིང་མང་ཤོས་ཀྱི་གནས་ཤིག་ཡིན་ལ། དུས་ཀྱི་དར་རྒུད་དང་། ཆབ་སྲིད་ཀྱི་འཕོ་འགྱུར། ཕྱིའི་བཙན་འཛུལ་གྱིས་གནས་སྟངས་འོག དཔེ་རྙིང་མང་པོ་ཞིག་གཏོར་བརླག་དང་རྩ་ཡལ་ཏུ་གྱུར་ཡོད། དཔེ་རྙིང་སྲུང་སྐྱོབ་སྐོར་ལ་བགྲོ་གླེང་གནང་མཁན་ཚོས་དེང་གི་བོད་ཀྱི་དཔེ་རྙིང་གནས་སྟངས་སྐོར་དང་། སྲུང་སྐྱོབ་བྱས་པའི་ལས་ཀའི་གོ་རིམ་དང་། ཐབས་ཤེས་ཀྱི་ལེགས་ཆ་རྣམས་ལ་དམིགས་འདོན་བྱས་ནས་དཔེ་རྙིང་སྲུང་སྐྱོབ་གནང་མཁན་བར་ལ་ཕན་ཚུན་གོ་རྟོགས་དང་མཉམ་འབྲེལ་སྤེལ་ཐབས་བྱེད་རྒྱུའི་སྐོར་ལ་བགྲོ་གླེང་གནང་།
བོད་ཡིག་ཕ་སྐད་མ་ཡིན་པ་ཚོར་སློབ་ཁྲིད་བྱེད་སྟངས་སྐོར་ལ་བགྲོ་གླེང་ཚོགས་ཆུང་གིས་མི་རིགས་གཞན་པ་ལ་བོད་ཀྱི་ཡིག་གེ་སློབ་ཁྲིད་བྱེད་སྐབས་ཀྱི་ཐབས་ལམ་སྐོར་དང་། བོད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སློབ་དེབ་ཕྱོགས་བསྒྲིགས་བྱེད་སྟངས་སྐོར་ལ་བགྲོ་གླེང་གནང་།
དེ་བཞིན་དུས་དེབ་དང་གསར་འཕྲིན་སོགས་རྩོམ་སྒྲིག་བྱེད་སྟངས་དང་ཐབས་ལམ་སྣ་ཚོགས། ལམ་སྟོམ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱེད་མཁན་གྱིས་བོད་ཀྱི་སྐད་ཡིག་བགྲོ་གླེང་གི་ཚོགས་འདུ་ཞོར་དུ་བོད་ཕྱི་ནང་གི་གླུ་བ་ཁག་ཅིག་གདན་འདྲེན་གྱིས་གླུ་གར་རོལ་ཚོགས་ཤིག་བཀོད་སྒྲིག་གནང་བ་དང་། དེར་ནུབ་གླིང་ནང་གནས་སྡོད་བོད་མི་དང་། བོད་ཀྱི་རིག་གཞུང་ལ་དགའ་སྣང་ཡོད་པའི་མི་རིགས་མང་པོ་ཕེབས་ཞུགས་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་༡༩༨༧་ལོར་རྒྱ་གར་ནང་འཚོགས་པ་དང་། རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་༡༩༩༢་ལོར་ཨི་ཊཱ་ལི་ནང་འཚོགས་འདུག